
བི་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ སྣུམ་འཁོར་ཀར་ཅིག་ནང་ རྫས་བམ་བཙུགས་ཏེ་ བཞག་མི་དེགིས་ ར་ཤི་ཡའི་ དམག་སྡེའི་གཙོ་འཛིན་གོངམ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ ས་གནས་ཀྱི་ བརྡ་བརྒྱུད་ཚུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དམག་སྡེའི་གཙོ་འཛིན་ དམག་སྤྱི་ཡ་རོཛ་ལེབ་ མོཛ་ཀ་ལིག་གི་ ཁྱིམ་གྱི་ཉེ་འདབས་ལུ་བཞག་མི་ སྣུམ་འཁོར་ཀར་དེ་གི་ སྦོ་ལོགས་ཁ་ལས་ ལམ་འགྱོ་བའི་སྐབས་ལུ་ རྫས་བམ་འགས་ནུག་ཟེར་ཨིན་པས།
ར་ཤི་ཡའི་ ཕྱི་འབྲེལ་ལྷན་ཁག་ལས་ ཨམ་མ་རི་ཡ་ ཟ་ཁ་རོ་ཝ་གིས་ མི་སྡེ་བརྡ་བརྒྱུད་ ཊེ་ལི་ག་རམ་ནང་ དྲག་ཐོག་དབང་བཙོངཔ་ཚུ་གིས་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་ཡོདཔ་སྦེ་ གསལ་བཀོད་འབད་ནུག།
སྤྱི་ལོ་ ༢༠༡༥ ལོར་ པེ་རིཛ་ལུ་ ཡུ་ཀེ་རེན་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ལུ་ དམག་སྤྱི་མོཛ་ཀ་ལིག་གིས་ ར་ཤི་ཡའི་ དམག་སྡེའི་གཙོ་འཛིན་ངོ་ཚབ་སྦེ་ གྲལ་གཏོགས་འབད་དེ་ སྤྱི་ལོ་ ༢༠༡༤ ལོར་ ཡུ་ཀེ་རེན་དང་ ར་ཤི་ཡ་ལུ་ རྒྱབ་སྐྱོར་འབད་མི་ ཁ་བྲལ་དམག་མི་ཚུ་གི་བར་ན་ དམག་འཁྲུག་མཇུག་བསྡུ་ནིའི་དོན་ལས་ ཆིངས་ཡིག་ཅིག་ བཟོ་ཡོདཔ་ཨིན་པས།
དེ་སྦེ་ སྣུམ་འཁོར་ཀར་གྱི་ནང་ལས་ རྫས་བམ་འགས་བཅུག་མིའི་སྐོར་ལས་ དབང་བཙོངཔ་སྡེ་ཚན་ག་གིས་ཡང་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ ཡུ་ཀེ་རེན་གྱི་ དམག་སྤྱི་ཨི་གོར་ ཀི་རི་ལོབ་ བསད་དོ་བཟུམ་མའི་ བྱ་ངན་འབད་ཡོདཔ་སྦེ་བཀོད་ནུག།
ཨིན་རུང་ ར་ཤི་ཡའི་ ནང་འཁོད་ལུ་ དེ་བཟུམ་མའི་ གནོདཔ་བཀལ་ནི་གི་ བློ་སྟོབས་དང་ ལྕོགས་གྲུབ་ཡོད་མི་ དམག་མི་ཅིག་ ག་ཡང་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1438200
Views Today :
Total views : 5000
Who's Online :