རྒྱ་གར་ནུབ་བེང་གཱལ་མངའ་སྡེ་ ཀཱོལ་ཀ་ཊ་ཁྲོམ་སྡེའི་ བཟའ་ཁང་ཅིག་ལུ་ མེ་རྐྱེན་བྱུང་མིའི་ནང་ མི་གྲངས་ ༡༤ ལུ་ཤི་རྐྱེན།

བི་བི་སི།
རྒྱ་གར་གྱི་ ཤར་ཕྱོགས་མངའ་སྡེ་ ནུབ་བེང་གཱལ་གྱི་ བཟའ་ཁང་ཅིག་ལུ་ མེ་རྐྱེན་སྦོམ་ བྱུང་མིའི་ནང་ ཨ་ལོ་ ༢ བརྩིས་ཏེ་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ནུག།
ཀཱོལ་ཀ་ཊ་ཁྲོམ་གྱི་ རི་ཏུ་རཱཇ་ བཟའ་ཁང་ནང་ སྤྱི་ཟླ་ ༤ པའི་ཚེས་ ༢༩ གི་ནུབ་མོ་ལས་ འགོ་བཙུགས་མི་ མེ་རྐྱེན་དེ་ནང་ མི་ ༢ ལུ་ཡང་ སྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ད་ མེ་རྐྱེན་དེ་གི་སྐོར་ལས་ གསལ་ཏོག་ཏོ་ཅིག་སྦེ་ ཧ་གོ་མ་ཚུགས་པ་ལུ་བརྟེན་ཏེ་ དབྱེ་ཞིབ་ཀྱི་དོན་ལས་ ཁྲིམས་སྲུང་འགག་སྡེ་གིས་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
རྒྱ་གར་གྱི་བློན་ཆེན་ ན་རེན་དར་ མོ་དི་མཆོག་གིས་ རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ལུ་ ཐུགས་ཕམ་ཡོད་ལུགས་དང་ དེ་སྦེ་ ཤི་རྐྱེན་བྱུང་མི་ཚུ་གི་ བཟའ་ཚང་ཚུ་ལུ་ དངུལ་འབྲེལ་གྱི་ རྒུད་འཐུས་གནང་ནི་ཨིན་པའི་ གསལ་བསྒྲགས་ཡང་གནང་ནུག།
རྒྱ་གར་གྱི་ ཁྲོམ་སྡེ་ཁག་གི་ སྒྲིང་ཁྱིམ་ཚུ་ལུ་ འཕྲལ་འཕྲལ་སྦེ་ར་ མེ་རྐྱེན་བྱུང་མི་དེ་ཡང་ འཆར་གཞི་ལེགས་ཤོམ་མེད་མི་དང་ ཉེན་སྲུང་གི་ ཁྲིམས་ལུགས་ཚུ་ བསྟར་སྤྱོད་འབད་མ་ཚུགས་མི་ལུ་བརྟེན་ཏེ་ འོང་ནི་ཨིནམ་ད་ ན་ཧིང་ཡང་ ནུབ་ཕྱོགས་མངའ་སྡེ་ གུ་ཇ་རཱཊ་ལུ་ རྩེད་ཁང་ཅིག་ནང་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༢༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཟླཝ་ ༡ གི་ཤུལ་ལས་ ཨུ་ཏར་པར་དེཤ་མངའ་སྡེའི་ ཇཱན་སི་ཆ་འོག་ལུ་ཡོད་མི་ སྨན་ཁང་ཅིག་གི་ ཨ་ལོ་གསར་སྐྱེས་ལས་ཚན་ནང་ མེ་རྐྱེན་བྱུང་སྟེ་ ཨ་ལོ་རྨས་སྐྱེས་ ༡༠ ལུ་ ཤི་རྐྱེད་བྱུང་ནུག།
དེ་སྦེ་ ཀཱོལ་ཀ་ཊ་ཁྲོམ་སྡེའི་ བཟའ་ཁང་དེ་ཁར་ མེ་རྐྱེན་བྱུང་པའི་སྐབས་ལུ་ བཟའ་ཁང་ནང་སྡོད་མི་མགྱོནམོ་དེ་ཚུ་ ཁྱིམ་ཐོག་གུ་འཛེགས་ཏེ་ འགྲུལ་འཕྲིན་གྱི་ འཕྲུལ་མེ་ཚུ་ ལག་ལེན་འཐབ་ཐོག་ལས་ གྲོགས་རམ་གྱི་ བརྡ་སྟོན་འབད་ཡོདཔ་ད་ དེ་བསྒང་ སྒོ་ཅུང་ནང་ལས་ རྐངམ་ཕྱི་ཁར་བཏོན་ཏེ་ལུས་མི་ཚུ་ མེ་བསད་སྡེ་ཚན་གྱིས་ སྲོག་སྐྱབས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: