
བི་བི་སི།
རྒྱ་གར་གྱིས་ པ་ཀིཛ་ཏཱན་དང་ པ་ཀིཛ་ཏཱན་གྱི་ བདག་སྐྱོང་འོག་ལུ་ཡོད་མི་ ཀཤ་མིར་གྱི་ ས་ཁོངས་ ༩ གི་ནང་ དམིགས་གཏད་བསྐྱེད་དེ་ མི་ཛ་ཡེལ་དང་ མཁའ་དམག་གནམ་གྲུའི་ཐོག་ལས་ དྲག་བཅོམ་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ རྒྱ་གར་གྱི་ དྲོ་པའི་ཆུ་ཚོད་ ༡.༠༥ ལས་ ༡.༣༠ ཚུན་འབདཝ་ད་ དུས་ཡུན་སྐར་མ་ ༢༥ གི་རིང་ལུ་ ལུང་ཕྱོགས་དེ་ནང་ ག་ནི་བ་ སྐད་ཤུགས་སྦོམ་མའི་སྒོ་ལས་ རྫས་བམ་ཚུ་ འགས་ཡོད་པའི་ གོ་ཐོས་བྱུང་ནུག།
པ་ཀིཛ་ཏཱན་ རྒྱལ་ཁབ་ལས་ དམག་འཁྲུག་དེ་གིས་ ས་གནས་ཁག་ ༦ ལུ་མ་གཏོགས་ གནོད་སྐྱོན་མ་བྱུང་པའི་ཁར་ རྒྱ་གར་གྱི་ མཁའ་དམག་གནམ་གྲུ་ ༥ དང་ ཌཱོན་ ༡ ཡང་ ཕབ་བཏང་ཡོདཔ་སྦེ་ བཤདཔ་ཨིན་རུང་ རྒྱ་གར་གྱི་ཁ་ཐུག་ལས་ ངོས་ལེན་མེདཔ་ཨིན་པས།
རྒྱ་གར་དང་ པ་ཀིཛ་ཏཱན་གྱི་ ས་མཚམས་ཁར་ དམག་འཁྲུག་ལང་པའི་ རྐྱེན་ངན་ནང་ མི་གྲངས་ ༢༦ ལུ་ ཤི་རྐྱེན་དང་ ༤༨ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ པ་ཀིཛ་ཏཱན་གྱིས་ བཤད་ཡོདཔ་ད་ དེ་བཟུམ་སྦེ་ པ་ཀིཛ་ཏཱན་གྱིས་ གནོད་འཚུབ་བཀལ་ཏེ་ རྒྱ་གར་གྱི་ ཞི་བའི་མི་སེར་ ༡༠ དམར་བསད་འབད་ཡོདཔ་སྦེ་ རྒྱ་གར་གྱི་ དམག་སྡེ་གིས་ གསལ་བཤད་འབད་ནུག།
རྒྱལ་ཁབ་ ༢ ཀྱི་བར་ན་ དེ་བཟུམ་མའི་ དམག་འཁྲུག་ལང་དགོ་པའི་ བྱུང་རྐྱེན་དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ པ་ཀིཛ་ཏཱན་གྱི་ གཡིབ་དམག་ཚུ་གིས་ རྒྱ་གར་གྱི་ བདག་སྐྱོང་འོག་ལུ་ཡོད་མི་ ཀཤ་མིར་མངའ་སྡེའི་ བལྟ་བཤལ་ས་ཁོངས་ པ་ཧཱལ་གམ་ཟེར་སར་ བལྟ་བཤལཔ་ ༢༦ དམར་བསད་འབད་བའི་ གནད་ལུ་བརྟེན་ཏེ་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ དམར་བསད་དེ་གི་སྐོར་ལས་ རྒྱ་གར་གྱིས་ སྒྲུབ་བྱེད་གསལ་ཏོག་ཏོ་ཅིག་ བཏོན་ནི་མེདཔ་སྦེ་ པ་ཀིཛ་ཏཱན་གྱིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།