
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༤ ལུ་ རྒྱ་གར་དཱན་ཏག་ལས་འགུལ་གྱིས་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་ ༢༠༢༥ ལོའི་ ཡུན་བརྟན་མཐུན་ལམ་གྱི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ རྐང་འཁོར་རྒྱུགས་འགྲན་ ཐེངས་ ༡༡ པ་དེ་ ཐིམ་ཕུ་ཅང་གླིང་མའི་ནང་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ནུག།
དེ་ཡང་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ མཛའ་གྲོགས་ཀྱི་ འདུ་ཤེས་དང་ མཐུན་ལམ་དམ་ཟབ་ཡོད་པའི་ བརྡ་མཚོན་ཅན་གྱི་ དུས་སྟོན་ཅིག་སྦེ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ཐིམ་ཕུ་ལས་ སྤ་རོ་དང་ སྤ་རོ་ལས་ ཐིམ་ཕུ་ལུ་ བསྐྱར་ལོག་འབད་མི་ རྐང་འཁོར་རྒྱུགས་འགྲན་དེ་ དེ་ཚེ་དྲོ་པར་ ཆུ་ཚོད་ ༧ ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ དར་གཡུག་ཐོག་ལས་ འགོ་བཙུགས་གནང་ནུག།
རྐང་འཁོར་རྒྱུགས་འགྲན་དེ་ནང་ མི་གྲངས་ ༡༨༣ གྱིས་ གྲལ་གཏོགས་འབད་མིའི་གྲས་ཁར་ རྒྱ་གར་ལས་ ཆེད་དུ་དམིགས་ཏེ་ མི་གྲངས་ ༡༤ འོང་ཡོདཔ་ཨིན་པས།
རྒྱུགས་འགྲན་དེ་ དབྱེ་ཁག་ ༢ སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ སྡེ་ཚན་དང་པ་གིས་ ཀི་ལོ་མི་ཊར་ ༡༠༠ དང་ སྡེ་ཚན་གཉིས་པ་གིས་ ཀི་ལོ་མི་ཊར་ ༦༥ གི་བར་ན་ རྐང་འཁོར་རྒྱུགས་འགྲན་འབད་མི་དེ་ནང་ ཨམ་སྲུ་ ༡༨ ཀྱིས་ཡང་ གྲལ་གཏོགས་འབད་ནུག།
དཱན་ཏག་ལས་འགུལ་དེ་ ས་མཚམས་ཀྱི་ འཁོར་ལམ་བཟོ་སྐྲུན་ལས་སྡེ་ཅིག་སྦེ་ སྤྱི་ལོ་ ༡༩༦༡ ལུ་ གཞི་བཙུགས་འབད་བའི་ཤུལ་ལས་ འབྲུག་གི་གཞི་རྟེན་མཁོ་ཆས་ གཞི་སྒྱུར་ཐོག་ལུ་ ཡར་རྒྱས་གོང་འཕེལ་གྱི་ མཉམ་རོགས་ཅིག་སྦེ་ གནས་ཡོདཔ་ཨིན་པས།
དེ་སྦེ་ རྒྱ་འབྲུག་གི་བར་ན་ མཐུན་འབྲེལ་ཡུན་རིངམོ་སྦེ་ གནས་ཡོད་པའི་ དུས་སྟོན་ལུ་ རྐང་འཁོར་རྒྱུགས་འགྲན་ ཐེངས་དང་པ་དེ་ སྤྱི་ལོ་ ༢༠༡༡ ལུ་ འགོ་འདྲེན་འཐབ་ནུག།
རྐང་འཁོར་རྒྱུགས་འགྲན་ཚུ་གི་གྲས་ལས་ མཐོ་ཤོས་ར་ དུས་ཅི་གི་ རྒྱུགས་འགྲན་ནང་ གྲལ་གཏོགས་འབད་ཡོདཔ་ད་ དེ་སྦེ་ གྲལ་གཏོགས་འབད་མི་ཚུ་ཡང་ རྒྱ་འབྲུག་རྒྱལ་ཁབ་ ༢ རྐྱངམ་གཅིག་ལས་མིན་པར་ རྒྱལ་ཁབ་གཞན་ཁ་ལས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
རྒྱུགས་འགྲན་དེ་ མཇུག་བསྡུ་བའི་ཤུལ་ལུ་ གསོལ་རས་ཚུ་ཡང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་ ཅཱན་ད་ར་ གུ་རུང་གིས་ གནང་ཡོདཔ་ད་ དེ་བསྒང་ བློན་པོ་གིས་ གྲལ་གཏོགས་འབད་མི་ཚུ་གིས་ རྩེད་རིགས་ལུ་ བརྩི་མཐོང་གི་སྒོ་ལས་ བརྩོན་ཤུགས་བསྐྱེད་མི་ལུ་ ངལ་རངས་ཡོད་ལུགས་ཀྱི་ གསུང་བཤད་ཡང་གནང་ནུག།
དུས་སྟོན་དེ་ནང་ གླུ་གཞས་སྣ་ཚོགས་དང་ རྒྱ་གར་གྱི་ ལམ་སྲོལ་ཅན་གྱི་ བཟའ་འཐུང་ཚུ་ཡང་ དྲངས་ཡོདཔ་ད་ དཱན་ཏག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ མདོ་འཛིན་རོ་ཧིཏ་གུབ་ཏ་གིས་ འབྲུག་གཞུང་དང་ རྒྱབ་སྐྱོར་འབད་མི་ལས་སྡེ་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ ཐིམ་ཕུ་ཁྲོམ་སྡེ་ སྲོལ་འཛིན་ལས་ཁུངས་ རྒྱལ་ཡོངས་ཅ་དངོས་ལས་ཁུངས་ འབྲུག་ཆབ་གསང་ལས་ཚོགས་ བརྡ་བརྒྱུད་ངོ་ཚབ་ དེ་ལས་ རྒྱུགས་འགྲན་གྱི་ སྦྱིན་བདག་དང་ ཁས་བླངས་པ་ འབྲུག་གི་མི་སེར་ཚུ་ གཅིག་མཐུན་ཐོག་ལས་ རྒྱབ་སྐྱོར་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་ཨིན་པས།
ཡུན་བརྟན་མཐུན་ལམ་གྱི་ རྐང་འཁོར་རྒྱུགས་འགྲན་ བརྩི་སྲུང་དེ་གིས་ རྒྱལ་འབྲུག་ ༢ ཀྱི་ མཐུན་ལམ་དེ་ མཉམ་འབྲེལ་དང་ བརྩི་མཐོང་ ནུས་ལྡན་ཅན་ཡོད་པའི་ བརྡ་མཚོན་སྟོན་པ་གིས་མ་ཚད་ འཕྲོད་བསྟེན་ཅན་གྱི་ འཚོ་གནས་གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་ཆེཝ་ལས་ དཱན་ཏག་ལས་འགུལ་དང་ འབྲུག་ཨོ་ལིམ་པིག་ཚོགས་པའི་ཁ་ཐུག་ལས་ གྲལ་གཏོགས་འབད་མི་དང་ ཁས་བླངས་པ་ རྒྱབ་སྐྱོར་འབད་མི་ཡོངས་ལུ་ ངལ་རངས་ཡོད་ལུགས་ཚུ་ཡང་ བཤད་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391169
Views Today :
Total views : 5000
Who's Online :