གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ རིགས་གཅིག་མཁས་པའི་མཆོག་འཛིན་ སློབ་དཔོན་ ༧ ལུ་ ཤེས་ཚད་ལག་ཁྱེར།

གནམ་ལོ་ཤིང་སྦྲུལ་ཟླཝ་ ༣ པའི་ཚེས་ ༡༠ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེ་མཆོག་གི་ སྐུ་མཆོད་དང་འབྲེལ་ཏེ་ རིགས་གཅིག་མཁས་པའི་མཆོག་འཛིན་ ཐེངས་ ༢ པ་ཚང་མི་ སློབ་དཔོན་ཚུ་ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ལག་ཁྱེར་གནང་ནུག།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་མི་ མཛད་སྒོའི་རྟེན་འབྲེལ་དེ་ཁར་ གཞུང་གྲྭ་ཚང་གི་ སློབ་ལྷན་རྒྱས་ཚུ་དང་ བཤད་གྲྭ་ཁག་གི་ མཁན་པོ་ཚུ་གིས་ཡང་ གྲལ་བཞུགས་མཛད་ཡོདཔ་ཨིན་པས།

རིགས་གཅིག་མཁས་དབང་ སློབ་དཔོན་ ༧ གྱིས་ ལོ་ངོ་ ༣ གྱི་རིང་ལུ་ ནང་པའི་རིག་གཞུང་མང་རབས་ཅིག་གུ་ ཞིབ་འཚོལ་དང་ དཔྱད་ཞིབ་ཕུལ་ཏུ་ཕྱིན་པ་ གནང་ཚར་བའི་ཤུལ་ལུ་ རིགས་གཅིག་མཁས་པའི་ མཆོག་འཛིན་པ་ཟེར་བའི་ མཚན་གནས་ཐོབ་ནུག།

གཞུང་གྲྭ་ཚང་ གཙུག་ལག་ཡིག་ཚང་གིས་ འགོ་འདྲེན་ཐོག་ལུ་ གཙུག་ལག་མཐོ་རིམ་ཤེས་ཡོན་ མཇུག་བསྡུ་བའི་ཤུལ་ལས་ མཐོ་རིམ་ཤེས་ཚད་ལག་ཁྱེར་མཆོག་གྱུར་དང་ ཉུང་ཤོས་ལོ་ངོ་ ༣ གྱི་རིང་ལུ་ བཤད་གྲྭ་ཁག་ལས་ཕར་ དཔེ་ཆ་སྟོན་གནང་ཡོད་པའི་ ཉམས་མྱོང་ཡོད་མི་ཚུ་ མི་མང་འགྲན་བསྡུར་ཐོག་ལས་ བཙག་འཐུ་བྱ་སྒོའི་ལམ་ལུགས་ལྟར་དུ་ རིགས་གཅིག་མཁས་པའི་ མཆོག་འཛིན་སློབ་སྦྱོང་བ་སྦེ་ འདམ་འཐུ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: