
སྐད་སྒྱུར་: པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ ཤྲཱི་བིག་རམ་མིཛ་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་ཚེ་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ ས་གནས་པ་ཧཱལ་སྒང་ཟེར་སར་ ངན་སྤྱོད་ཀྱི་སྒོ་ལས་ དྲག་ཐོག་དབང་བཙོང་གི་ ལཱ་བྱ་འཐབ་མི་ལུ་བརྟེན་ཏེ་ ཐོན་ཡོད་པའི་ འབྱུང་རིམ་ཚུ་གི་སྐོར་ལས་ བསྐྱར་ཟློས་འབད་མ་དགོཔ་སྦེ་ བཞག་ནི་གི་ འདུན་པ་ཡོད་རུང་ ས་མཚམས་ཕྱི་ཁ་ལས་ རྒྱ་གར་རྒྱལ་ཁབ་ལུ་ དགྲ་དཔག་སྟེ་ ལོ་རྒྱུས་མ་འདྲཝ་ཚུ་ བཤད་པའི་ཁར་ བརྡ་དོན་ཕྱི་འགྱུར་ཚུ་ཡང་ ཁྱབ་སྤེལ་འབད་དོ་ཡོདཔ་ལས་ རང་གི་སེམ་ཁར་ ངེས་དགོ་པའི་ གནད་དོན་ཁག་ དག་པ་ཅིག་ཡོད།
དེ་ཡང་ དང་པ་ར་ གནས་སྟངས་ཚབས་ཆེན་ལུ་ གྱུར་ཡོད་ལུགས་ཚུ་ བཤད་མིའི་ཐེད་ཁར་ གནས་སྟངས་ཚབས་ཆེན་དེ་ ས་གནས་པ་ཧཱལ་སྒང་ལུ་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ གནོད་འཚུབ་བཀལ་མི་དེ་ཨིནམ་ད་ གཉིས་པ་དེ་ གནོད་འཚུབ་དེ་ནང་ ད་རེ་སིཛ་ཊེནཛ་ ཕོ་རཱོནཊ་ཟེར་མི་ སྡེ་ཚན་དེ་གིས་ གྲལ་གཏོགས་འབད་ཡོདཔ་ལས་ སྡེ་ཚན་དེ་ པ་ཀིཛ་ཏཱན་ལུ་ གནས་སྡོད་འབད་མི་ ཡོངས་གྲགས་ཅན་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ ལཤ་ཀར་ཨི་ཏའི་བ་ཟེར་མི་ སྡེ་ཚན་ཨིན།
གནད་དོན་དེ་གི་ཐེད་ཁར་ རྒྱ་གར་གྱི་ དབང་འཛིན་ཚུ་གིས་ འཛམ་གླིང་སྤྱི་ཚོགས་ ༡༢༦༧ བཀག་དམ་བལྟ་རྟོག་ཚོགས་ཆུང་ལུ་ བརྡ་དོན་སྤྲོད་ཡོདཔ་སྦེ་ བཤད་དོ་བཟུམ་སྦེ་ ང་བཅས་ཀྱིས་ མགྱོགས་པ་ར་ སྡེ་ཚན་དེ་དང་ ཞལ་འཛོམས་ཀྱི་དོན་ལུ་ ལོག་ཕྱད་དེ་ བརྡ་དོན་ཚུ་ དུས་མཐུན་བཟོ་ནི་ཨིན།
དེ་གི་ནང་དོན་ཉིད་ལས་ ད་རེ་སིཛ་ཊེནཛ་ ཕོ་རཱོནཊ་སྡེ་ཚན་གྱིས་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ གནོད་འཚུབ་བཀལ་བའི་ཤུལ་ལས་ ལན་ཐེངས་གཉིས་རེ་ གནོད་འཚུབ་བཀལ་མི་དེ་ཡང་ ཁོང་ཨིནམ་སྦེ་ བཤད་ཡོདཔ་ད་ ང་བཅས་ཀྱི་ ཁ་ཐུག་ལས་ གནས་སྟངས་ཚབས་ཆེན་ བཟོ་ནི་གི་ ཀུན་སློང་མེད་རུང་ དེ་བསྒང་གི་ གནོད་འཚུབ་དང་བསྟུན་ཏེ་ ལན་འཇལཝ་ཙམ་ཅིག་ར་ཨིན། ང་བཅས་ཀྱིས་ པ་ཀིཛ་ཏཱན་གྱི་ དྲག་པོའི་དམག་སྡེ་ལུ་ དམིགས་གཏད་མ་བསྐྱེད་པར་ གོ་མཚོན་ཚུ་གིས་ དྲག་ཐོག་དབང་བཙོང་འབད་མི་ཚུ་ལུ་ དམིགས་གཏད་བསྐྱེད་མི་དང་འཁྲིལ་ཏེ་ ཕོག་ཡོདཔ་ཨིན།
ད་རེས་ ས་མཚམས་ཕྱི་ཁ་ལས་ ར་ཁུངས་མེད་པའི་ བརྡ་དོན་རྫུན་མ་ ཁྱབ་སྤེལ་འབད་མིའི་སྐོར་ལས་ ཐད་ཀར་དུ་ བཤད་པ་ཅིན་ དང་པ་ར་ པ་ཀིཛ་ཏཱན་གྱིས་ དྲག་ཐོག་དབང་བཙོང་ནང་ གྲལ་གཏོགས་རྩ་ལས་ར་ མེད་ལུགས་བཤདཔ་ཨིན་པས། དེ་ཡང་ པ་ཀིཛ་ཏཱན་གྱི་ བརྡ་དོན་བློན་པོ་གིས་ ཁོང་གི་རྒྱལ་ཁབ་ནང་ དྲག་ཐོག་དབང་བཙོང་འབད་མི་ཡོད་ར་མེད་ཟེར་ བཤདཔ་ཨིན་རུང་ ང་གིས་འབད་བ་ཅིན་ པ་ཀིཛ་ཏཱན་དེ་ རྒྱལ་སྤྱིའི་ནང་ དྲག་ཐོག་དབང་བཙོང་འབད་མིའི་ ལྟེ་བ་བཟུམ་ཅིག་གི་ མིང་གཏམ་ཐོབ་སྟེ་ཡོདཔ་ཨིན།
དེ་ཡང་ མངོན་གསལ་ཅན་གྱི་ སྒྲུབ་བྱེད་ཚུ་ཡོད་པའི་ཁར་ འཛམ་གླིང་ནང་ དྲག་ཐོག་དབང་བཙོང་གི་ གནོད་འཚུབ་ཚུ་དང་འབྲེལ་ཏེ་ པ་ཀིཛ་ཏཱན་གྱིས་ ལག་རིས་ཚུ་ཐོབ་སྟེ་ཡོད་མིའི་སྐོར་ལས་ ང་གིས་ བཤད་དགོཔ་མིན་འདུག། དཔེར་ན་ ཨོ་ས་མ་ བིན་ལཱ་ཌེན་ཟེར་མི་དེ་ ག་ཏེ་ལས་ ཐོབ་ཅི་ག་དང་ ཁོ་ལུ་ རང་སྲོག་བློས་བཏང་མི་ཟེར་ ག་གིས་འབོ་ཡི་ག་ཡང་ བཤད་དགོཔ་མེད།
དེ་བཟུམ་སྦེ་ ལོ་ངོ་བཅུ་ཕྲག་ཚུ་གི་ ནང་འཁོད་ལུ་ པ་ཀིཛ་ཏཱན་གྱིས་ རྒྱ་གར་རྒྱལ་ཁབ་ནང་ ས་མཚམས་བརྒལ་ཏེ་ དྲག་ཐོག་དབང་བཙོང་འབད་བའི་ཁར་ འཛམ་གླིང་སྤྱི་ཚོགས་དང་ གཞུང་དག་པ་ཅིག་གིས་ར་ བཀག་ཆ་འབད་ཡོད་པའི་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་ཡང་ པ་ཀིཛ་ཏཱན་ལུ་ཡོདཔ་ཨིན།
རྒྱལ་སྤྱིའི་དྲག་ཐོག་དབང་བཙོང་ནང་ གྲལ་གཏོགས་དང་ དེ་བཟུམ་མའི་ མི་ངན་ཚུ་ པ་ཀིཛ་ཏཱན་ལུ་ཡོད་པའི་ ཉེས་ཁ་ཕོག་མིའི་སྐོར་ལས་ པ་ཀིཛ་ཏཱན་གྱི་ སྲུང་སྐྱོབ་བློན་པོ་དང་ ཕྱི་འབྲེལ་བློན་པོ་ ༢ བ་དྲགཔ་སྦེ་ ང་གིས་ བཤད་མི་ཚུགས།
ཧེ་མ་ སྤྱི་ལོ་ ༢༠༠༨ ལོར་ མུམ་བའི་ལུ་ གནོད་འཚུབ་བཀལ་མི་དང་ སྤྱི་ལོ་ ༢༠༡༦ ལོར་ པ་ཐཱན་ཀོཊ་ལུ་ གནོད་འཚུབ་བཀལ་དོ་བཟུམ་སྦེ་ ས་གནས་གཞན་ཚུ་གི་ནང་ཡང་ གནོད་འཚུབ་བཀལ་ཡོད་མིའི་ཐེད་ཁར་ རྒྱ་གར་གྱི་ཁ་ཐུག་ལས་ མཉམ་འབྲེལ་འཐབ་ནི་གི་ རེ་འདུན་ཐོག་ལས་ སྒྲུབ་བྱེད་ཚུ་ པ་ཀིཛ་ཏཱན་ལུ་བསྐྱལ་ཏེ་ གནོད་འཚུབ་བཀལ་མི་ཚུ་ལུ་ དྲང་ཁྲིམས་འཐོབ་ནི་ཡོདཔ་ཅིག་གི་ ནན་སྐུལ་ཚུ་ཡང་འབད་ཡི།
གནད་དོན་དེ་ཚུ་ལུ་ པ་ཀིཛ་ཏཱན་གྱིས་ མཉམ་འབྲེལ་དབྱེ་ཞིབ་འབད་ནིའི་ནང་ གྲལ་གཏོགས་འབད་ནི་ཨིན་ལུགས་ བཤད་ཡོདཔ་ལས་ ངེ་གི་ཉམས་མྱོང་དང་འཁྲིལ་བ་ཅིན་ ཁོང་གིས་ དེ་བཟུམ་མའི་ ལོ་རྒྱུས་བཤད་མི་ལུ་ ཡིད་ཆེས་བསྐྱེད་མི་ཚུགས་ནི་ཨིན་པས།
གསུམ་པ་ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ ཞི་བའི་མི་སེར་ཚུ་རྐྱངམ་གཅིག་ དམར་བསད་འབད་ཡོདཔ་སྦེ་ བཤད་མི་དེ་ཡང་ མ་བདེན་པའི་ ལོ་རྒྱུས་ཨིནམ་ད་ དེ་ཡང་ ང་བཅས་ཀྱིས་ གནོད་འཚུབ་དེ་ དྲག་ཐོག་དབང་བཙོང་གི་ སྡེ་ཚན་ཚུ་ལུ་ དམིགས་བསལ་གྱིས་ དམིགས་གཏད་བསྐྱེད་ཡོདཔ་ལས་ ཤི་རྐྱེན་བྱུང་མི་ དྲག་ཐོག་དབང་བཙོང་འབད་མི་ཚུ་ པ་ཀིཛ་ཏཱན་གྱི་ རྒྱལ་དར་གྱིས་སྤུར་ཏེ་ རྒྱལ་ཁམས་གནས་ཚད་ཁའི་ བརྩི་བཀུར་ཐོག་ལུ་ དུར་གདབས་མི་དེ་ པ་ཀིཛ་ཏཱན་མ་གཏོགས་མེདཔ་ལས་ དེ་བཟུམ་མའི་ ལཱ་འབད་མི་དེ་ ང་བཅས་ཀྱིས་ ཧ་གོ་མི་ཚུགས་པས།
པ་ཀིཛ་ཏཱན་གྱིས་འབད་བ་ཅིན་ རྒྱ་གར་གྱིས་ ཁོང་གི་ཆོས་དོན་ས་ཁོངས་ཚུ་ནང་ཡང་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤད་མི་དེ་ ལོ་རྒྱུསརྫུན་མ་ཨིནམ་ད་ དེ་བཟུམ་མའི་ ཆོས་དོན་ས་ཁོངས་ཚུ་ དྲག་ཐོག་དབང་བཙོང་འབད་མི་ཚུ་ལུ་ སྦྱོང་བརྡར་ཚུ་ བྱིན་ནིའི་དོན་ལས་སྤྱོད་མི་ ངོ་མ་དེ་ པ་ཀིཛ་ཏཱན་ ཁོང་ར་ཨིན།
པ་ཀིཛ་ཏཱན་གྱིས་ བཀོད་དོ་བཟུམ་སྦེ་མིན་པར་ སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ཡང་ ཁོང་གིས་ ཇ་མུ་དང་ ཀཤི་མིར་ལུ་ སིག་ཆོས་ལུགས་ཀྱི་ མི་སྡེའི་རྒྱབ་འགལ་ལུ་ཡང་ གནོད་འཚུབ་བཀལ་ཏེ་ སྡོད་ཁྱིམ་ཚུ་ མེདཔ་བཏང་པའི་སྐབས་ལུ་ ཉུང་ཤོས་ར་ མི་གྲངས་ ༣ དམར་བསད་འབད་མི་བརྩིས་ཏེ་ པ་ཀིཛ་ཏཱན་གྱིས་ ཞི་བའི་མི་སེར་ ༡༦ དམར་བསད་འབད་ཡོད་པའི་ཁར་ མི་སེར་ ༥༩ ལུ་ཡང་ རྨ་སྐྱོན་ཚུ་ བྱུང་སྟེ་ཡོདཔ་ཨིན།
ད་རེས་ པ་ཀིཛ་ཏཱན་གྱིས་འབད་བ་ཅིན་ རྒྱ་གར་གྱིས་ གནོད་འཚུབ་བཀལ་མི་ལུ་ ལན་འཇལཝ་ཨིན་ལུགས་ བཤད་མིའི་ཐེད་ཁར་ཡང་ ངོ་མ་འབད་བ་ཅིན་ ཁོང་གིས་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ གནོད་འཚུབ་ཚབས་ཆེན་བཀལ་མི་ལུ་ ང་བཅས་ཀྱིས་ ལན་འཇལཝ་ཨིན།
མདོར་བསྡུ་བ་ཅིན་ ང་བཅས་ཀྱིས་ གཞུང་དང་ གཞུང་གི་བར་ན་ ཆིངས་ཡིག་བསྒྱུར་བཅོས་ཀྱི་དོན་ལུ་ འགྲིག་ཆ་ཚུ་ བཟོ་དགོ་པའི་ ནན་སྐུལ་འབད་རུང་ པ་ཀིཛ་ཏཱན་གྱིས་ ངོས་ལེན་མེད་མི་དེ་ ཆིངས་ཡིག་ལས་ འགལ་བ་ཨིན་པ་ལུ་བརྟེན་ཏེ་ རྒྱ་གར་གྱི་ཁ་ཐུག་ལས་ པ་ཀིཛ་ཏཱན་གྱིས་ དྲག་ཐོག་དབང་བཙོང་ལུ་ རྒྱབ་སྐྱོར་མ་སྤང་གི་རིང་ལུ་ ཆིངས་ཡིག་དེ་ མཚམས་འཇོག་འབད་དེ་ བཞག་ནི་དེ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན།