འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་ཨ་ད་ནི་ གློག་མེ་ལས་སྡེའི་བར་ན་ གོ་བརྡའི་ཆིངས་ཡིག།

སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་ཨ་ད་ནི་ གློག་མེ་ལས་སྡེ་ མཉམ་འབྲེལ་ཐོག་ལས་ ཝང་ཆུ་གློག་མེ་ལས་འགུལ་ གོང་འཕེལ་གཏང་ནིའི་དོན་ལས་ གོ་བརྡའི་ཆིངས་ཡིག་ཅིག་ལུ་ མཚན་རྟགས་བཀོད་ནུག།
ཆིངས་ཡིག་དེ་ཡང་ མི་རྗེ་བློན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་དང་ རྒྱ་གར་ཨ་ད་ནི་ གློག་མེ་ལས་སྡེའི་ ལག་ལེན་གཙོ་འཛིན་ ན་རེཤ་ཊིལ་གུ་ ༢ ཀྱིས་ བཀོད་ཡོདཔ་ཨིན་པས།
གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་དང་ རྒྱ་འབྲུག་གློག་མེ་ལས་སྡེ་ ༢ ཀྱི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།
དེ་བསྒང་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལས་ རང་བཞིན་ནུས་ཤུགས་དེ་ ག་ནི་བ་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་སྣང་འགྲུབ་ནི་ལུ་ཡང་ ཕན་ཐོགས་དང་ གལ་ཆེ་བའི་སྐོར་ལས་ གསུངས་ཡོདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ ཆིངས་ཡིག་དེ་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༤༠ ལུ་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་ ༢༠,༠༠༠ གཞི་བཙུགས་འབད་ནི་གི་ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཚུགས་པའི་ རྟགས་མཚན་ཅིག་ཨིནམ་སྦེ་བཤད་ནུག།
དེ་བཟུམ་སྦེ་ རྒྱ་གར་ཨ་ད་ནི་ གློག་མེ་ལས་སྡེའི་ ལག་ལེན་གཙོ་འཛིན་ ན་རེཤ་ཊིལ་གུ་གིས་ཡང་ ལུང་ཕྱོགས་འདི་ནང་ ནུས་ཤུགས་ཉེན་སྲུང་གི་དོན་ལས་ གོ་བརྡའི་ཆིངས་ཡིག་དེ་གིས་ མཉམ་འབྲེལ་གྱི་ ཁས་བླངས་ཡོད་པའི་སྐོར་ལས་ གསལ་སྟོན་འབདཝ་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།

Please follow and like us: