
འཛམ་གླིང་གསར་ཤོག་གི་ དལ་དབང་གནས་ཚད་བརྡ་སྟོན་ སྤྱི་ལོ་ ༢༠༢༥ ཅན་མའི་ནང་ སྒེར་སྡེའི་གསར་ཤོག་ཚུ་ ལྷག་མི་དང་ གསལ་བསྒྲགས་ཐོབ་ནི་ཚུ་ དམའ་མཐའ་ཨིན་པའི་ ཚད་གཞིར་ཡོད་ལུགས་དང་ གསལ་བསྒྲགས་བརྒྱ་ཆ་ ༨༠ དེ་རེ་ གཞུང་གི་ལས་སྡེ་ཚུ་ལས་ ཐོབ་སྲོལ་ཡོདཔ་སྦེ་ བཀོད་མི་དེ་ ནོར་བ་ཨིན་པའི་ མངོན་གསལ་བྱུང་ཡི།
དེ་ཡང་ ད་ཚུན་གྱི་བར་ན་ སྒེར་སྡེ་གསར་ཤོག་ཚུ་ལུ་ ལྷན་ཁག་དང་ ལས་ཁུངས་ཚུ་ལས་ གསལ་བསྒྲགས་ཚུ་ བརྒྱ་ཆ་ ༣ ལས་ ༧ གྱི་བར་ན་མ་གཏོགས་ མ་ཐོབ་སྦེ་ཨིནམ་ད་ སྒེར་སྡེ་གསར་ཤོག་ཚུ་གིས་ གསལ་བསྒྲགས་ཚུ་ མང་ཤོས་ར་ ལས་འཛིན་དང་ རང་སྐྱོང་འདུས་ཚོགས་ དངུལ་འབྲེལ་གཙུག་སྡེ་ རྒྱལ་སྤྱི་ལས་སྡེ་ཚུ་ལས་ འཐོབ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས།
འཛམ་གླིང་གསར་ཤོག་གི་ དལ་དབང་གནས་ཚད་བརྡ་སྟོན་ སྤྱི་ལོ་ ༢༠༢༥ ཅན་མ་ བཟོ་སྒྲིག་འབད་མི་ཚུ་གིས་ སྒེར་སྡེའི་གསར་ཤོག་ ཕུད་རྡོག་གཅིག་དང་ཡང་ འབྲེལ་བ་འཐབ་འཐབ་མེདཔ་ལས་ བརྡ་དོན་ཚུ་གི་ འབྱུང་ཁུངས་སྐོར་ལས་ དྲི་བ་བཀོད་པའི་ལན་ལུ་ ཁོང་གིས་ ཕ་རཱནཛ་ཁ་སྐད་ནང་ལས་ སྐད་སྒྱུར་འབད་བའི་སྐབས་ལུ་ གཞུང་དབང་བརྡ་བརྒྱུད་ལས་སྡེ་ཚུ་ལུ་ གསལ་བསྒྲགས་བརྒྱ་ཆ་ ༨༠ ཐོབ་ཡོད་མི་དེ་ སྒེར་སྡེའི་གསར་ཤོག་ཚུ་ལུ་སྦེ་ བཀོད་ཡར་སོང་ནུག་ཟེར་བའི་ དོགས་སེལ་འབད་ནུག།
སྒེར་སྡེའི་གསར་ཤོག་ཚུ་གིས་ འབྲུག་གི་གནས་ཚད་དེ་ སྤྱི་ལོ་ ༢༠༢༤ ལོར་ ཨང་ ༡༤༧ པའི་ནང་ གནས་ཡོད་རུང་ སྤྱི་ལོ་ ༢༠༢༥ ལོར་ ཨང་ ༡༥༢ པའི་ནང་ ག་ཅི་སྦེ་ མར་བབས་ཡར་སོངཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་པའི་ལན་ལུ་ དེ་སྦེ་ འབྲུག་གི་གནས་ཚད་ མར་ཉམས་འགྱོ་མི་དེ་ཡང་ རང་དབང་ཅན་གྱི་ བརྡ་བརྒྱུད་ཚུ་གི་ འཚོ་རྟེན་ལུ་ དཀའ་ངལ་ཡོད་པའི་ཁར་ གསལ་བསྒྲགས་ཚུ་ཡང་ གཞུང་དབང་བརྡ་བརྒྱུད་ཚུ་ གདམ་ཁ་རྐྱབ་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
འབྲུག་གི་གསར་ཤོག་གི་ དལ་དབང་གནས་ཚད་ ལེགས་སྒྱུར་འབད་ཐབས་ཀྱི་སྐོར་ལས་ ཁོང་གིས་ གྲོས་དོན་ཁག་ ༥ དེ་ཅིག་ བཀོད་ཡོད་མི་དེ་ཡང་ དང་པར་དུ་ མི་མང་གསལ་བསྒྲགས་ཚུ་ འདྲ་མཉམ་སྦེ་ བགོ་བཀྲམ་འབད་ནི་དེ་ཨིནམ་ད་ དེ་ཡང་ གཞུང་སྒེར་གཉིས་ཆ་ར་ལུ་ རྒྱབ་སྐྱོར་འདྲ་མཉམ་སྦེ་ བྱིན་དགོཔ་ཨིན་རུང་ དེ་སྦེ་མེད་ལུགས་དང་ གྲོས་དོན་གཞན་མི་དེ་ སྒེར་སྡེའི་གསར་ཤོག་ཚུ་ བཙན་ཐབས་ལུ་ མི་མང་གི་ རྒྱབ་སྐྱོར་སྲིད་བྱུས་དང་ མ་དངུལ་གྱི་ ཐོན་ཁུངས་སྣ་མང་ལུ་ བསྒྱུར་དགོཔ་སྦེ་ཨིན་པས།
འཛམ་གླིང་གསར་ཤོག་གི་ དལ་དབང་གནས་ཚད་བརྡ་སྟོན་ སྤྱི་ལོ་ ༢༠༢༥ ཅན་མའི་ནང་ གནས་ཚད་བརྡ་སྟོན་ཁག་ ༤ གི་ནང་ མར་འབབ་བྱུང་ཡོད་མི་ཚུ་ཡང་ སྲིད་དོན་དང་འབྲེལ་བའི་ སྐུགས་ཚད་ ༥.༡༧ དང་ ཁྲིམས་དོན་སྒྲིག་བཀོད་དང་འབྲེལ་བའི་ སྐུགས་ཚད་ ༨.༧༠ དཔལ་འབྱོར་དང་འབྲེལ་བའི་ སྐུགས་ཚད་ ༨.༧༠ མི་སྡེ་ལམ་སྲོལ་དང་འབྲེལ་བའི་ སྐུགས་ཚད་ ༩.༤༠ རེ་ མར་འབབ་སོང་ཡོདཔ་ད་ ཉེན་སྲུང་དང་འབྲེལ་བའི་ སྐུགས་ཚད་རྐྱངམ་གཅིག་ ༨.༦༠ ལུ་ ཡར་སེང་སོང་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༥ ལོར་ མར་འབབ་མཐོ་ཤོས་ར་ དཔལ་འབྱོར་གྱི་ བརྡ་སྟོན་ནང་ སྐུགས་ཚད་ ༨ སོང་ཡོདཔ་ད་ .བརྡ་སྟོན་ཚུ་གི་ གོ་དོན་ཐེད་ཁར་ བརྡ་བརྒྱུད་ཀྱི་ རང་དབང་དང་ ཐབས་ལམ་ཚུ་ལུ་ ངོས་ལེན་དང་ དེ་ལས་ བརྡ་བརྒྱུད་ལུ་ རྒྱབ་སྐྱོར་ཚུ་གི་ ཚད་གཞིའི་སྒོ་ལས་ དབྱེ་ཞིབ་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་དོན་ཐོག་གི་ བཀག་འཛིན་ཚུ་གི་ ཚད་གཞིའི་སྒོ་ལས་ཡང་ དབྱེ་ཞིབ་འབད་དོ་ཡོདཔ་ད་ དཔལ་འབྱོར་གྱི་ དཀའ་ངལ་ཚུ་ གཞུང་གི་དཔལ་འབྱོར་སྲིད་བྱུས་དང་ གསལ་བསྒྲགས་ དེ་ལས་ བརྡ་བརྒྱུད་ཀྱི་ བདག་དབང་ཡོད་མི་ཚུ་གིས་ ཚོང་ལཱ་གོང་འཕེལ་ཚུ་དང་ འབྲེལ་མཐུན་ཐོག་ལས་ བརྡ་སྟོན་བཀོད་པའི་ཁར་ མི་སྡེ་ལམ་སྲོལ་གྱི་ཐེད་ཁར་ཡང་ ཆོས་དང་ རིགས་རུས་ མི་སྡེའི་དབྱེ་བ་ ཕོ་མོའི་ཁྱད་ཆོས་ཚུ་གི་ བརྡ་སྟོན་བཀོད་དོ་ཡོདཔ་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391169
Views Today :
Total views : 5000
Who's Online :