རྒྱ་གར་དང་ པ་ཀིཛ་ཏཱན་གྱི་བར་ན་ དམག་འཁྲུག་ལང་མིའི་ནང་ པ་ཀིཛ་ཏཱན་གྱི་ མི་སེར་ ༥༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༡༣ ལུ་ པ་ཀིཛ་ཏཱན་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ རྒྱ་གར་དང་གཅིག་ཁར་ དམག་འཁྲུག་ལང་མི་ལུ་བརྟེན་ཏེ་ མི་གྲངས་ ༥༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ རྡུལ་ཕྲན་མཚོན་ཆ་ཡོད་མི་ ཁྱིམ་ཚང་རྒྱལ་ཁབ་ ༢ ཀྱི་བར་ན་ མོས་མཐུན་ཐོག་ལས་ དམག་འཁྲུག་མཚམས་འཇོག་འབད་ཡོདཔ་ལས་ ས་མཚམས་དེ་ཁར་ ཞི་བདེ་ལོག་སྟེ་ར་ བྱུང་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཁབ་ ༢ ཀྱི་བར་ན་ དེ་བཟུམ་མའི་ དམག་འཁྲུག་ལང་མི་དེ་ གཙོ་བོ་ར་ པ་ཀིཛ་ཏཱན་གྱི་ གཡིབ་དམག་ཚུ་གིས་ ཀཤ་མིར་གྱི་ བལྟ་བཤལ་ས་ཁོངས་ཅིག་ནང་ རྒྱ་གར་གྱི་ བལྟ་བཤལཔ་ ༢༦ དམར་བསད་འབད་བ་ལུ་བརྟེན་ཏེ་ ངན་ལན་འཇལ་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་གྱིས་ པ་ཀིཛ་ཏཱན་དང་ པ་ཀིཛ་ཏཱན་གྱི་ བདག་སྐྱོང་འོག་ལུ་ཡོད་མི་ ཀཤ་མིར་ས་ཁོངས་ཚུ་ནང་ དམིགས་གཏད་བསྐྱེད་དེ་ མི་ཛ་ཡེལ་དང་ མཁའ་དམག་ཌཱོན་ཚུ་ བཏང་ཡོདཔ་ལས་ ཞི་བའི་མི་སེར་ ༤༠ དང་ དམག་མི་ ༡༡ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ རྒྱ་གར་གྱི་ ས་མཚམས་ལུ་ཡང་ དམག་མི་ ༥ དང་ ཞི་བའི་མི་སེར་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ སྤྱི་ཟླ་ ༥ པའི་ཚེས་ ༡༠ ལུ་ ཕན་ཚུན་གསུང་གྲོས་གནང་ཐོག་ལས་ དམག་འཁྲུག་མཚམས་འཇོག་འབད་ནི་ལུ་ མོས་མཐུན་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་ ༥ པའི་ཚེས་ ༡༢ ལུ་ རྒྱལ་ཁབ་ ༢ ཀྱི་ དམག་སྡེའི་གཙོ་འཛིན་ཚུ་གི་བར་ན་ བརྒྱུད་འཕྲིན་ཐོག་ལས་ ས་མཚམས་དེ་ཁར་ གོ་མཚོན་ལག་ལེན་མི་འཐབ་ནི་དང་ དམག་མི་ཚུ་ཡང་ མར་ཕབ་འབད་ནི་གི་ གསུང་གྲོས་གནང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: