མེག་སི་ཀོ་ལུ་ སྣུམ་འཁོར་ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༢༡ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེག་སི་ཀོའི་ དབུས་ཕྱོགས་ཁ་ཐུག་ལུ་ སྣུམ་འཁོར་ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༤ གི་དྲོ་པར་ པུ་ཡེབ་ལ་མངའ་སྡེའི་ས་གནས་ ཀུག་ནོ་པ་ལན་དང་ ཨོག་ས་ཀའི་ གཞུང་ལམ་ཁར་ སྣུམ་འཁོར་ ༣ གྱི་བར་ན་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༨ ས་གནས་དེ་ཁར་ར་ ཤི་རྐྱེན་བྱུང་ཡོདཔ་ད་ གཞན་མི་ ༣ པོ་དེ་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།
ཐུག་རྐྱེན་དེ་ སྣུམ་འཁོར་ཊཱག་ ༡ དང་ སྐྱེལ་འདྲེན་བཱཛ་ ༡ དེ་ལས་ སྣུམ་འཁོར་ཝེན་ ༡ འབདཝ་ད་ སྣུམ་འཁོར་ ༣ གྱི་བར་ན་ བྱུང་ནུག་ཟེར་ཨིནམ་ད་ དེ་ཡང་ རྩི་ས་འབག་མི་ སྣུམ་འཁོར་ཊག་དེ་གིས་ སྣུམ་འཁོར་ཝེན་གྱི་ཧེ་མར་ ཐོན་འགྱོ་ནི་འབད་བའི་སྐབས་ལུ་ བྱུང་ཡོདཔ་ཨིན་པས།
དེ་བསྒང་ སྣུམ་འཁོར་ཊག་དེ་གིས་ ལམ་ཕྱོགས་གཞན་ཁ་ལས་ སྐེདཔ་བཏོག་སྟེ་ འགྲུལ་སྐྱོད་འབད་མི་ སྣུམ་འཁོར་བཱཛ་ཅིག་ལུ་ བརྡུངས་བྱིན་པའི་ཤུལ་ལས་ སྣུམ་འཁོར་གསུམ་ཆ་ར་ ལམ་འོག་ལུ་ཡོད་མི་ རྦོབ་རིལ་འགྱོ་ནི་དང་འབྲེལ་ཏེ་ མེ་འབར་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: