
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ ལྡོག་ཕྱོགས་ཚོགས་པ་གིས་ མི་རྗེ་བློན་ཆེན་མཆོག་ལུ་ སློབ་རིམ་ ༡༠ པ་ལས་ ༡༡ པའི་ནང་ འཛུལ་ཞུགས་ཀྱི་དོན་ལས་ ཧེ་མ་ སྐུགས་ཚད་ཆ་མེད་བཏང་མི་དེ་ལུ་ གཞུང་གི་ཁ་ཐུག་ལས་ ཐུགས་བཞེད་ཡང་བསྐྱར་ གནང་དགོ་པའི་སྐོར་ལས་ ཡི་གུ་ཅིག་ཕུལ་ནུག།
ཡི་གུ་དེ་ནང་ དེ་བཟུམ་མའི་ སྐུགས་ཚད་དེ་གིས་ སྤྱིར་འབྲུག་རྒྱལ་ཁབ་དང་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ གནོད་པ་འབྱུང་སྲིདཔ་ལས་ དགོས་དོན་མེད་པའི་སྐོར་ལས་ རྒྱ་ཆེ་བའི་ སྒྲུབ་བྱེད་དང་ རྒྱལ་ཡོངས་ཀྱི་ གནས་རིམ་ནང་ ཕན་གནོད་ཀྱི་ ཁ་གསལ་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས།
དེ་ཡང་ ལྡོག་ཕྱོགས་ཀྱིས་ ང་བཅས་རའི་ ཤེས་རིག་ལམ་ལུགས་ནང་ དེ་བཟུམ་མའི་ སྐུགས་ཚད་དེ་ དགོས་མཁོ་མེདཔ་ ཐལ་བའི་ཁར་ རྒྱལ་སྤྱིའི་གནས་སྟངས་དང་ ང་བཅས་རའི་ རྒྱལ་ཡོངས་ཀྱི་ དམིགས་དོན་དང་ཡང་ རྟགས་མ་མཐུནམ་ཅིག་ཨིན་པས་ཟེར་བཀོད་ནུག།
ལྡོག་ཕྱོགས་ཀྱི་ ཞིབ་འཚོལ་དང་ རྒྱལ་སྤྱིའི་ཉམས་མྱོང་ལྟར་དུ་འབད་རུང་ ཤེས་རིག་ལམ་ལུགས་ནང་ སློབ་གྲྭའི་ཤེས་ཡོན་ལུ་ ཚད་འཛིན་གྱི་རིམ་པ་ ལེ་ཤ་ཡོད་མི་དེ་གིས་ གནོད་པ་བྱུང་དོ་ཡོད་པའི་ བརྡ་སྟོན་ཡོདཔ་ད་ དེ་ཡང་ ཤེས་རིག་ལམ་ལུགས་ནང་ གྲུབ་འབྲས་ལེགས་ཤོམ་བཏོན་མི་ ཕིན་ལེན་དང་ ནོར་ཝེ་ རྒྱ་པཱན་ལ་སོགས་པའི་ རྒྱལ་ཁབ་ཚུ་ནང་ སློབ་ཕྲུག་ཚུ་གི་ སློབ་རིམ་ཡར་སེང་ལུ་ ཚད་འཛིན་ཚུ་ ཡོངས་རྫོགས་སྦེ་ ཆ་མེད་བཏང་སྟེ་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ པོར་ཊུ་གཱལ་དང་ སི་པེན་རྒྱལ་ཁབ་ཚུ་ནང་ཡང་ སྐུགས་ཚད་ཚད་འཛིན་དེ་ མེདཔ་བཟོ་ཐོག་ལས་ ཤེས་རིག་གི་ལམ་ལུགས་ གཞི་སྒྱུར་འབད་དོ་ཡོད་པའི་ཁར་ རྒྱལ་སྤྱིའི་ཞིབ་འཇུག་ཚུ་གི་ནང་ཡང་ བཅོ་ཐབས་སྒྲིང་སྒྲིང་ ག་ནི་ཡང་མེད་པའི་ སློབ་རིམ་ཡར་སེང་ ཚད་འཛིན་འབད་མི་དེ་གིས་ སློབ་གྲྭའི་ནང་ལས་ ཐོན་སྡོད་མི་ ན་གཞོན་གྱི་ གྱངས་ཁ་ཡར་སེང་དང་ རང་སོར་ཡིད་ཆེས་མེདཔ་འགྱོ་ནི་ དེ་ལས་ མི་སེར་ཉམ་ཆུང་གི་ ཨ་ལོ་ཚུ་ལུ་ གནོད་པ་བྱུང་དོ་ཡོདཔ་སྦེ་བཀོད་ནུག།
འབྲུག་གི་ཤེས་རིག་ལམ་ལུགས་ནང་ སློབ་རིམ་ ༡༠ པ་ལས་ ༡༡ པའི་ནང་ འཛུལ་ཞུགས་ཀྱི་དོན་ལས་ ཨིང་ལིཤ་དང་ སྐུགས་ཚད་དྲག་ཤོས་ ༤ ལུ་ ཉུང་མཐའ་ཡང་ སྐུགས་ཚད་བརྒྱ་ཆ་ ༤༠ དགོཔ་ཡོད་མི་བཟུམ་མའི་ ཚད་འཛིན་གྱི་ ལམ་ལུགས་ཡོད་མི་དེ་གིས་ དཔེར་ན་ ན་ཧིང་ སློབ་ཕྲུག་ ༨,༩༠༠ གིས་ སློབ་རིམ་ ༡༠ པའི་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༢,༢༦༠ གིས་ མཐར་འཁྱོལ་མ་བྱུང་པའི་གྲངས་སུ་ཚུད་མི་དེ་ བརྒྱ་ཆ་ ༢༥ དེ་ཅིག་ཨིན་པས།
དེ་འབདཝ་ལས་ སྐུགས་ཚད་ཚད་འཛིན་གྱི་ལམ་ལུགས་ བསྐྱར་བཀོད་འབད་བ་ཅིན་ ཚད་འཛིན་ཁ་སྐོང་ཨིནམ་ལས་ འོས་འབབ་ཅིག་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ དམིགས་བསལ་གྱིས་ ཧེ་མ་ འགོ་བཙུགས་མི་ སྲིད་བྱུས་དེ་ ད་རེས་ འབྲེལ་བ་མེདཔ་སྦེ་ བཀོད་དེ་ཡོད་པའི་ཁར་ ཤེས་རིག་ལྷན་ཁག་གི་ གནས་སྡུད་ལྟར་དུ་འབད་རུང་ སློབ་རིམ་ ༡༡ པའི་དོན་ལུ་ མི་མང་སློབ་གྲྭ་ཚུ་ནང་ ས་སྟོང་ ༨,༥༨༠ ཡོད་མིའི་ནང་ ས་སྟོང་ ༦,༣༡༠ རྐྱངམ་གཅིག་ལས་ གང་མ་ཚུགས་པར་ཡོདཔ་ད་ དེ་ཡང་ ཤུལ་མའི་ལོ་ཚུ་ནང་ མར་འབབ་འགྱོ་ནི་བཟུམ་ཅིག་ཡོདཔ་སྦེ་བཀོད་ནུག།
དེ་མ་ཚད་ མོང་སྒར་རྒྱལ་པོའི་ཞིང་ སློབ་གྲྭ་ཆེ་བ་དང་ བསམ་གྲུབ་ལྗོངས་མཁར་ སྨིན་རྒྱས་འུང་སློབ་གྲྭ་ཆེ་བ་ བསམ་གྲུབ་ལྗོངས་མཁར་སློབ་གྲྭ་ཆེ་བ་ བསམ་རྩེ་འོད་གསལ་རྩེ་སློབ་གྲྭ་ཆེ་བ་ ཀྲོང་གསར་བསམ་ཆོས་གླིང་སློབ་གྲྭ་ཆེ་བ་ དབང་འདུས་ཕོ་བྲང་ ཕོབ་སྦྱིས་ཁ་སློབ་གྲྭ་ཆེ་བ་ཚུ་འབདཝ་ད་ སློབ་གྲྭ་ཆེ་བ་ ༧ གྱི་ནང་ སློབ་ཕྲུག་ལངམ་སྦེ་མེདཔ་ལས་ སློབ་རིམ་ ༡༡ པ་དང་ ༡༢ པ་ མེདཔ་བཟོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྐུགས་ཚད་ཚད་འཛིན་ བསྐྱར་བཀོད་འབད་མི་དེ་གིས་ རྒྱལ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་རིམ་གྱི་ རྒྱལ་ཡོངས་གཅིག་སྒྲིལ་གྱི་ བརྩོན་ཤུགས་ལུ་ཡང་ གནོད་ཉེན་ཡོད་མི་དེ་ཡང་ སློབ་རིམ་ ༡༠ པ་ མཇུག་བསྡུ་མི་ ཨ་ལོ་ཚུ་ མང་ཤོས་ར་ སྐྱེས་ལོ་ ༡༦ རྐྱངམ་གཅིག་ ལང་དོ་ཡོདཔ་ལས་ དོན་དག་ཡོད་པའི་གཡོག་འབྲེལ་ ཡང་ཅིན་ ལས་མིར་འཛུལ་ཞུགས་ཀྱི་ མདུན་ལམ་མེདཔ་ འགྱོ་དོ་ཡོད་པའི་ཁར་ ཨ་ལོ་ཚུ་ སྐྱེས་ལོ་ ༡༨ ལངམ་ད་ འགན་ཁུར་ཅན་གྱི་ རྒྱལ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་རིམ་ནང་ གྲལ་གཏོགས་དང་ ཆ་གནས་ཀྱི་ དཀའ་ངལ་ཡང་ འབྱུང་སྲིད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 848
Users Yesterday : 1379
This Month : 847
This Year : 229689
Total Users : 941505
Views Today : 2159
Total views : 2741202
Who's Online : 7