ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ས་གནས་ཁག་ ༢ ཀྱི་ནང་ གནོད་འཚུབ་བཀལ་ཏེ་ མི་ ༢༤ དམར་བསད།

བི་བིསི།

སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ སྲུང་སྐྱོབ་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ག་ཟའི་ས་གནས་ཁག་ ༢ ཀྱི་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ པེ་ལེཛ་ཊིན་གྱི་ མི་སེར་ ༢༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།

དེ་ཡང་ ག་ཟ་ཁྲོམ་སྡེའི་ནང་ཡོད་མི་ ཕཱ་མི་ཨཱལ་ ཇར་ག་ཝི་ སློབ་གྲྭའི་ནང་ སྤོ་བཤུད་འབད་དེ་བཞག་མི་ སྡོད་ཁྱིམ་ཚུ་ལུ་ གནོད་འཚུབ་བཀལ་བ་ལུ་བརྟེན་ཏེ་ ཨ་ལོ་ཚུ་གིས་གཙོས་པའི་ མི་སེར་ ༢༠ གི་ ཕུངམོ་ཐོབ་ཡོདཔ་སྦེ་བཀོད་ནུག།

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧ་མཱཛ་དང་ ཨིཛ་ལ་མིག་ ཇི་ཧཱད་དང་ དམ་འཛིན་ལྟེ་བ་ལུ་དམིགས་ཏེ་ གནོད་འཚུབ་བཀལ་ཡི་ཟེར་ཨིནམ་ད་ ས་གནས་དེ་ གཡིབ་དམག་ཚུ་གིས་ ཨིཛ་རེ་ལ་གྱི་ ཞི་བའི་མི་སེར་ཚུ་ལུ་ གནོདཔ་བཀལ་ནི་གི་དོན་ལས་ ལག་ལེན་འཐབ་མས་ཟེར་ཨིན་པས།

ས་གནས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ བྱང་ཕྱོགས་ག་ཟ་ལུ་ཡོད་མི་ ཧ་མཱཛ་ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་འགོ་ཁྲིདཔ་ མོ་ཧཱ་མཱད་ ཨཱལ་ཀ་སི་དང་ ཁོ་གི་ཨམ་སྲུ་དང་ ཨ་ལོ་ཚུ་ཡང་ཡོདཔ་སྦེ་བཀོད་ནུག།

དེ་གི་ཧེ་མར་ ག་ཟ་ཁྲོམ་སྡེའི་ སྡོད་ཁྱིམ་ཅིག་ལུ་ཡང་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་ ༤ དམར་བསད་འབད་ཡོདཔ་སྦེ་ ཧཱ་མཱཛ་གིས་ ལག་ལེན་འཐབ་མི་ གསོ་བའི་ལྷན་ཁག་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: