
ཐིམ་ཕུ་རྫོང་ཁག་ ཝང་སི་སི་ནང་ལུ་ རྒན་ཤོས་མཚམས་ཁང་ནང་ རྡོ་བཙོ་སྨན་ཆུའི་ མཐུན་རྐྱེན་གསརཔ་ཅིག་དང་ བཟའ་ཁང་ཅིག་ གསར་བསྐྲུན་འབད་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལུ་ སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ རྩིས་སྤྲོད་ཞུ་ཡོདཔ་ད་ མཐུན་རྐྱེན་དེ་གིས་ སྒེར་སྡེའི་ཁ་ཐུག་ལས་ མི་སྡེའི་བདེ་ཉམས་ལུ་ རྒྱ་ཆེ་བའི་ ཕན་འདེབས་འབྱུང་ནི་ཨིན་པས།
བཛྲ་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་གྱིས་ རིག་གསར་བཟོ་བསྐྲུན་སྒེར་སྡེ་ཚད་འཛིན་དང་གཅིག་ཁར་ ཟད་འགྲོ་བགོ་བཤའི་ཐོག་ལས་ དངུལ་ཀྲམ་ས་ཡ་ ༡༧ དེ་ཅིག་ ཟད་འགྲོ་གནས་ཡོད་མི་ རྡོ་བཙོ་སྨན་ཆུ་དང་ བཟའ་ཁང་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡༩ ལས་ འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༥ པའི་ཚེས་ ༡༥ ཚུན་འབདཝ་ད་ ཟླ་ངོ་ ༡༤ གི་ ནག་འཁོད་ལུ་ བཟོ་བསྐྲུན་འབད་ནུག།
བཟོ་བསྐྲུན་དེ་ནང་ ཕན་འདེབས་འབད་མི་གཞན་ཚུ་ཡང་ ཚོང་འབྲེལ་ལས་སྡེ་དག་པ་ཅིག་གིས་ ཅ་ཆས་དང་ ཞབས་ཏོག་ཚུ་ གོང་ཚད་ཕབ་ཆག་ཏོག་ལུ་ བྱིན་པའི་ཁར་ ཕྱྭ་རི་རྫ་ལེབ་ལས་སྡེ་གིས་ རྫ་ལེབ་དང་ རྡོ་ལེབ་ཚུ་ སྟོང་མར་བྱིན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དགེ་འདུན་ཚོང་ལས་ཀྱིས་ འཐིང་གཞིའི་ཨེན་ཏ་ཚུ་གི་ དྲོད་འཛིན་རིམ་ལུགས་ བཙུགས་བྱིན་ཡོདཔ་ད་ འབྲུག་སྨན་ལྗོངས་ཤིང་བཟོ་དང་ ཇེ་ཀེ་ནང་ཆས་ལས་སྡེ་གིས་ བཟའ་ཁྲི་ཚུ་དང་ གི་རིན་ཀི་ཅེན་གྱི་ ཁ་ཐུག་ལས་ མེ་ཐབ་ ༡ དང་ འབྲུག་ཚེམས་བཟོ་གིས་ ཡོལ་ལི་དང་ ལྕགས་ཚུ་གི་ ཞལ་འདེབས་འབད་ནུག།
མཐུན་རྐྱེན་དེ་གིས་ མཚམས་ཁང་ནང་གི་ རྒན་ཤོས་ཚུ་གི་དོན་ལུ་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ རྡོ་བཙོ་སྨན་ཆུའི་སྒོ་ལས་ ལམ་སྲོལ་ཅན་གྱི་ སྨན་བཅོས་ལུ་ བརྩི་བཀུར་གོང་འཕེལ་གཏང་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
བཛྲ་བཟོ་བསྐྲུན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཕན་འདེབས་དེ་ཡང་ རྒན་ཤོས་ལུ་ གུས་ཞབས་དང་ འབྲུག་གི་ལས་སྡེ་ཅིག་སྦེ་ མི་སྡེའི་འགན་ཁུར་ལུ་ བརྩི་བཀུར་བསྐྱར་གསོའི་ བརྡ་སྟོན་འབད་ཡི་ཟེར་ཨིན་པས།
རྒན་ཤོས་མཚམས་ཁང་དེ་ མི་སེར་རྒན་ཤོས་ཚུ་ལུ་་སྡོད་གནས་དང་ གཅེས་སྐྱོང་གི་ དགོས་མཁོ་ལུ་དམིགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གྱིབ་བསིལ་འོག་གི་ རྒྱལ་འཛིན་ལས་འགུལ་ཅིག་སྦེ་ སྤྱི་ལོ་ ༢༠༡༨ ལུ་ གཞི་བཙུགས་གནང་ཡོད་པའི་གནས་ཚུལ།





Users Today : 65
Users Yesterday : 1752
This Month : 34136
This Year : 169825
Total Users : 881641
Views Today : 68
Total views : 2601172
Who's Online : 4