ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ལེ་ཤ་ཅིག་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༧ ལུ་ཤི་རྐྱེན།

ཨེ་བི་སི།
སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ལེ་ཤ་ཅིག་ནང་ ས་ཐག་རིང་ས་ལས་ གནོད་འཚུབ་བཀལ་ཏེ་ མི་ ༧ དེ་ཅིག་ལུ་ ཤི་རྐྱེན་དང་ ༢༧ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ ཡུ་ཀེ་རེན་གྱི་ མཁའ་དམག་བདག་སྐྱོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ནུབམོ་ཅིག་ལུ་ མཁའ་དམག་འཕྲུལ་ཆས་ཌཱོན་ ༡༡༢ དེ་ཅིག་ བཏང་ཡོདཔ་ལས་ ས་གནས་ ༡༡ གི་ནང་ གནོད་སྐྱོན་བྱུང་ཡོད་རུང་ ཌཱོན་ ༧༥ དེ་ཅིག་ ཕབ་བཏང་ཡི་ཟེར་ཨིན་པས།
ཤི་རྐྱེན་བྱུང་མི་ཚུ་ཡང་ མང་ཤོས་ཅིག་ ཡུ་ཀེ་རེན་གྱི་ བྱང་ཤར་ལུང་ཕྱོགས་ ༢ ཀྱི་ནང་ བྱུང་ཡོདཔ་ད་ དེ་བཟུམ་སྦེ་ སུ་མི་ཁྲོམ་སྡེའི་ནང་ཡང་ ར་ཤི་ཡའི་ མཁའ་དམག་འཕྲུལ་ཆས་ཌཱོན་གྱིས་ མི་ ༣ ལུ་ ཤི་རྐྱེན་དང་ ༢༠ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ས་གནས་ཀྱི་ དབང་འཛིན་ཚུ་གིས་ གསལ་བཤད་འབད་ནུག།
དེ་བཟུམ་སྦེ་ ར་ཤི་ཡ་གིས་ མི་ཛ་ཡེལ་བཏང་པ་ལུ་བརྟེན་ཏེ་ ཁར་ཀིབ་ལུང་ཕྱོགས་ནང་ཡང་ མི་ ༣ ལུ་ ཤི་རྐྱེན་དང་ ༦ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ ལྷོ་ཕྱོགས་ཁེར་སོན་གྱི་ ལུང་ཕྱོགས་ནང་ཡང་ མི་ ༡ ལུ་ ཤི་རྐྱེན་དང་ ༡༣ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ལུང་ཕྱོགས་དམག་སྡེ་བདག་སྐྱོང་གིས་ བཤདཔ་ཨིན་པས།
དེ་ལས་ ཅེར་ནི་ཧིབ་ཀྱི་ བྱང་ཕྱོགས་ཁྲོམ་ཚོགས་ནང་ མི་ ༥ དང་ ཨོ་ཌེ་ས་ཁྲོམ་སྡེའི་ མཚོ་ནག་རྒྱ་མཚོའི་མཐའ་མར་ མི་ ༥ ལུ་ རྨ་་སྐྱོན་བྱུང་ཡོདཔ་སྦེ་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ནུག།
གནོད་འཚུབ་དེ་ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ ཡུ་ཀེ་རེན་དང་ ར་ཤི་ཡའི་ སྐུ་ཚབ་ཚུ་གི་བར་ན་ ཊར་ཀིའི་རྒྱལ་ས་་ ཨིཛ་ཊེན་བཱུལ་ལུ་སྦེ་ ཐད་ཀར་གྱི་ ཞི་བདེའི་གསུང་གྲོས་ ཐེངས་ ༢ པ་ འགོ་འདྲེན་འཐབ་པའི་ཤུལ་ལུ་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: