
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༦ པའི་ཚེས་ ༥ གི་དྲོ་པར་ ར་ཤི་ཡའི་ མཁའ་དམག་གནམ་གྲུ་ཆུང་བའམ་ འཕྲུལ་ཆས་ཌཱོན་ཚུ་གིས་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ ༢ པ་ ཁར་ཀིབ་ལུ་ སྒྲིང་ཁྱིམ་ཅིག་གུ་ གནོད་འཚུབ་བཀལ་བའི་ མེ་རྐྱེན་ལུ་བརྟེན་ཏེ་ མི་གྲངས་ ༩ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ཡང་ ར་ཤི་ཡའི་ དབང་ཆ་འོག་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་ཟ་པོ་རི་ཞི་ཡ་དང་ ཁེར་སོན་ལུང་ཕྱོགས་ནང་ འཕྲུལ་ཆས་ཌྲཱོན་ཚུ་གི་ཐོག་ལས་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་འཚུབ་བཀལ་ནུག།
ར་ཤི་ཡ་གིས་ བསྐོ་བཞག་འབད་མི་ ཁེར་སོན་ལུང་ཕྱོགས་ཀྱི་ མངའ་སྡེ་སྤྱི་ཁྱབ་ ཝཱལ་ཌི་མིར་ སཱལ་ཌོ་གིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ གནོད་འཚུབ་ལུ་བརྟེན་ཏེ་ ལུང་ཕྱོགས་དེ་ནང་གི་ མི་སེར་ ༦༨,༠༠༠ དེ་ཅིག་ལུ་ གློག་མེའི་མཐུན་རྐྱེན་ཚུ་ མེདཔ་ཐལ་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ཡང་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ ར་ཤི་ཡའི་ནུབ་ཕྱོགས་ལུ་ རྫས་བམ་བསྐྱུར་དགོ་པའི་ བཀོད་རྒྱ་བཏང་སྟེ་ ར་ཤི་ཡའི་ མི་ ༧ ལུ་ ཤི་རྐྱེན་དང་ ༡༡༥ ལུ་ རྨ་སྐྱོན་ཚུ་ བྱུང་བཅུག་མི་ལུ་བལྟ་བ་ཅིན་ ཡུ་ཀེརེན་གྱི་ཁ་ཐུག་ལས་ ཞི་བདེ་དགོ་པའི་ བསམ་པ་མེདཔ་སྦེ་ གསལ་བཤད་འབད་ནུག།.
དེ་མ་ཚད་ སྲིད་འཛིན་པུ་ཊིན་གྱིས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་ལུ་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ རྡུལ་ཕྲན་གྱི་ ནུས་པ་ཡོད་མི་ རྫས་བམ་བཀོ་མི་ གནམ་གྲུ་ཚུ་གུ་ གནོད་འཚུབ་བཀལ་མི་ལུ་ཡང་ ངན་ལན་འཇལ་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཡུ་ཨེཛ་གི་ འགོ་དཔོན་ ༢ ཀྱིས་ ཡུ་ཀེ་རེན་གྱིས་ འཕྲུལ་ཆས་ཌྲཱོན་ཚུ་ ལག་ལེན་འཐབ་སྟེ་ ར་ཤི་ཡའི་ མཁའ་དམག་གནམ་གྲུ་ ༢༠ ལུ་ གནོད་འཚུབ་བཀལ་མིའི་གྲས་ལས་ གནམ་གྲུ་ ༡༠ མེདཔ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།