
མགོན་པོ་རྡོ་རྗེ།
རང་ཟླ་ ༤ པའི་ཚེས་ ༡༥ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ མཐའ་དབུས་གེ་རའི་ནང་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་སྒོ་ལས་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པའི་ དུས་ཆེན་ལྔ་འཛོམས་ཁྱད་པར་ཅན་འདི་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ལུ་འབད་བ་ཅིན་ ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྡོ་རྗེ་འཆང་ དྲིན་ཅན་རྩ་བའི་བླ་མ་ མཁན་ཆེན་ཁྲི་རབས་ ༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ མི་དམངས་ཡོངས་ལུ་ གུ་རུ་ཐོད་ཕྲེང་རིགས་ལྔའི་ བཀའ་དབང་ཟབ་མོ་ བསྩལ་གནང་ཡི།
དེ་སྦེ་ ཉིན་ཡོལ་ཆུ་ཚོད་ ༢.༣༠ ལས་ འགོ་བཙུགས་གནང་མི་ བཀའ་དབང་གི་ལས་རིམ་དེ་ མཇུག་བསྡུ་བའི་ཤུལ་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ས་གནས་དེ་ཁར་འཛོམས་མི་ དད་ཅན་སྐྱ་སེར་ཕོ་མོ་ཡོངས་ཀྱིས་ མགྲིན་དབྱངས་གཅིག་གི་སྒོ་ལས་ དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ པའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ སྐུ་རིམ་སྣ་ཚོགས་ཀྱི་གྲལ་ལས་ དང་པ་ཕྱག་དང་ བཛྲ་གུ་རུ་དུང་ཕྱུར་ བསག་གནང་ནི་གི་ འགོ་འབྱེད་མཛད་ནུག།
དེ་བསྒང་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་དབང་ཞུ་ནིའི་དོན་ལུ་ དད་ལྡན་མི་སེར་ཁྲི་ཕྲག་སྦེ་ སྤུངས་འཛོམས་འབད་མི་ཚུ་གིས་ འབྲུག་གི་ཡབ་རྗེ་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་མཆོག་ སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཏེ་ འགྲོ་བ་ཡོངས་ཀྱི་ སྐྱབས་མགོན་ལུ་བཞུགས་པའི་ ཞབས་བརྟན་ཡང་ ཕུལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དེ་ཚེ་དྲོ་པར་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ རྣམ་རྒྱལ་སྟོང་མཆོད་ཀྱི་ གསུང་ཆོག་གནང་པའི་ཁར་ ཀུན་རྭའི་ནང་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ འཕགས་པའི་གནས་བརྟན་བཅུ་དྲུག་གི་ གསུང་ཆོག་ཚུ་ གནང་ཡོདཔ་མ་ཚད་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ འཕགས་པའི་གནས་བརྟན་བཅུ་དྲུག་གི་ མཐོང་གྲོལ་ཆེན་མོ་དང་ ནང་རྟེན་རྩ་ཅན་ མང་རབས་ཅིག་ཡང་ མི་དམངས་ལུ་ མཇལ་ཁ་གནང་ཡོད་པའི་གནས་ཚུལ།






Users Today : 1245
Users Yesterday : 1514
This Month : 14898
This Year : 150587
Total Users : 862403
Views Today : 2715
Total views : 2528840
Who's Online : 6