
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་གི་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ མཐོ་རིམ་སློབ་གྲྭ་ ༡༡ གི་ནང་ལས་ མཐོ་རིམ་ཤེས་ཡོན་དང་ མཐོ་རིམ་འོག་མའི་ཤེས་ཡོན་ ཌིབ་ལོ་མ་ མཐར་འཁྱོལ་མི་ སློབ་ཕྲུག་ ༡,༩༣༡ གི་ མཐར་འཁྱོལ་མཛད་སྒོ་ཐེངས་ ༡༦ པའི་ནང་ དབུ་བཞུགས་མཛད་གནང་ནུག།
དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་ སློབ་ཕྲུག་ཚུ་ལུ་ གསུང་བཤད་ཅིག་ གནང་པའི་ནང་གསལ་ ད་རེས་ ང་བཅས་རའི་ གཏིང་གཟབ་ཅན་གྱི་ འགྱུར་བ་དང་ དམིགས་བསལ་གྱི་ རེ་བ་བཟང་པོའི་ དུས་སྐབས་ནང་ འཚོ་བ་སྐྱོང་སྟེ་ སྡོད་དོ་ཡོདཔ་ད་ དེ་ཡང་ ང་བཅས་རའི་ སེམས་ཀྱི་རེ་བ་ མཐོ་དྲགས་ཚུ་དང་འཁྲིལ་ཏེ་ མ་འོངས་པའི་ མདུན་ལམ་བརྫངས་ནི་ལུ་ སྔོན་ཆད་མ་བྱུང་པའི་ གོ་སྐབས་ཅིག་ཨིན་ཟེར་ གསུངས་གནང་ཡོདཔ་ཨིན་པས།
ང་བཅས་རའི་ སྔར་འཁྱུན་ལམ་སྲོལ་བཟང་པོའི་ གཞི་འགྱམ་སྒྲིང་སྒྲིང་ཡོད་མི་དང་ རྒྱལ་སྤྱིའི་འཕྲུལ་རིག་ཡར་འཕེལ་གྱི་ ཁེ་ཕན་ཚུ་དང་གཅིག་ཁར་ འབྲུག་གི་སྟོབས་ཤུགས་དྲག་ཤོས་དེ་ར་ མི་སེར་ཚུ་ཨིན་པའི་ནང་ལས་ཡང་ དམིགས་བསལ་གྱིས་ ན་གཞོན་ཚུ་ཨིན་མི་དེ་ཡང་ འབྲུག་དང་ འབྲུག་མི་ཚུ་གི་ འཚོ་རྟེན་གཞི་སྒྱུར་འབད་ཐབས་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་བཟུམ་མའི་ རེ་འདུན་མཐོ་བའི་ གསར་བཏོད་ཚུ་ རྒྱལ་ཁམས་ཀྱིས་ ལག་ལེན་འཐབ་ཚུགསཔ་ བཟོ་མི་ལུ་བརྟེན་ཏེ་ཨིན་ཟེར་ གསུངས་གནང་ནུག།
མི་དབང་མཆོག་གིས་ ལྷབ་སྦྱང་དང་ ཤེས་ཡོན་གྱི་ གལ་གནད་ལུ་ གཙོ་རིམ་བཀོད་གནང་ཐོག་ལས་ ཤེས་ཡོན་དང་ ཤེས་རབ་ཀྱིས་ཕྱུག་པའི་ ལྷབ་སྦྱང་ཅན་གྱི་ མི་སེར་ཚུ་ལུ་ གཏིང་གཟབ་ཆེ་བའི་ ལྕོགས་གྲུབ་འོང་ནི་ཨིན་ཟེར་ཡང་ གསུངས་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཅོས་མའི་རིག་རྩལ་གྱི་ གཙོ་རིམ་སྐོར་ལས་འབད་བ་ཅིན་ འཛམ་གླིང་མཐའ་དབུས་མེད་པར་ ཡོངས་ཁྱབ་ཅན་གྱི་ གནད་དོན་ཅིག་ཨིན་ཟེར་ གསུངས་གནང་པའི་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དམིགས་གཏད་དང་ གོ་སྐབས་ འཕྲལ་ཁམས་ཀྱི་ ཡར་འཕེལ་ཚུ་གི་སྐོར་ལས་ཡང་ བཅོས་མའི་རིག་རྩལ་གྱི་ རྒྱབ་སྐྱོར་ཐོག་ལས་ཨིནམ་སྦེ་ གསུངས་གནང་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1433343
Views Today :
Total views : 5000
Who's Online :