
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ འཕྲུལ་རིག་གསར་བཏོད་ འགྲེམ་སྟོན་ ༢༠༢༥ ཅན་མའི་ནང་ ཆིབས་བསྐྱོད་གནང་ནུག།
དེ་བསྒང་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ སྤྱི་དོན་ཁང་གསརཔ་གི་ འགོ་འབྱེད་རྟེན་འབྲེལ་དེ་ཡང་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱི་ སྐུ་མདུན་ལུ་སྦེ་ འགོ་འདྲེན་འཐབ་ནི་དང་འབྲེལ་ཏེ་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭའི་ དཔེ་རིས་ཁང་གིས་བཀོད་པའི་ སྤྱི་དོན་ཁང་གི་ དངོས་གཟུགས་མཐོང་སྣང་ཅན་གྱི་ དཔེ་རིས་ཡང་ སྤྱན་འབུལ་ཞུ་ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་གྱི་ དུས་སྟོན་གཙོ་བོ་ར་ དེང་དུས་དང་བསྟུན་པའི་ འཕྲུལ་རིག་བརྒྱུད་དེ་ འཛམ་གླིང་དངོས་གནས་ཀྱི་ དོ་འགྲན་ཚུ་ སེལ་ཐབས་ལུ་ འཕྲུལ་རིག་གསར་བཏོད་ལས་འགུལ་ཚུ་གི་ འགྲེམ་སྟོན་དེ་ཨིནམ་ད་ ལས་འགུལ་དེ་ཚུའི་གྲས་ཁར་ ཧི་མ་ལ་ཡའི་ རྐང་ཉ་གསོ་སྐྱོང་ ཡུན་བརྟན་ཅན་བཟོ་ནིའི་ རྒྱབ་སྐྱོར་ལུ་ སིངྒ་པོར་ལུ་ གཞི་གནས་འབད་དེ་ཡོད་མི་ མཉམ་འབྲེལ་ལས་སྡེ་ཅིག་དང་ འབྲེལ་བ་འཐབ་ཐོག་ལས་ ཡོངས་འབྲེལ་བརྒྱུད་དེ་ ཐབས་འཕྲུལ་ཚུ་ མཐུད་སྦྲེལ་གྱི་ འགྲེམ་སྟོན་ཅིག་འབད་ནུག།
དེ་མ་ཚད་ གནམ་གྲུ་ཧེ་ལི་ཀོབ་ཊར་ མཁོ་མངགས་རིམ་ལུགས་དང་ ལག་ལེན་པ་ཡོངས་ཀྱིས་ ལག་ལེན་འཐབ་རུང་བའི་ ཡོངས་འབྲེལ་མཐུད་སྦྲེལ་ཐོག་གི་ ས་ཆ་སྤྲོད་ལེན་རིམ་ལུགས་དང་ བཅོས་མའི་རིག་རྩལ་ ཞིང་སི་ཀེན་ཟེར་མི་ ས་ཆ་དང་ ལོ་ཐོག་ཉེན་སྲུང་རིམ་ལུགས་ དེ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ རིམ་བརྩེགས་ ༣ ཅན་མའི་ བཟོ་བཀོད་ཀྱི་མཐུན་རྐྱེན་ འཛིན་སྐྱོང་རིམ་ལུགས་དང་ ལག་ལེན་པ་ཡོངས་ཀྱིས་ ལག་ལེན་འཐབ་རུང་བའི་ ཡོངས་འབྲེལ་མཐུད་སྦྲེལ་ཐོག་གི་ ཨང་ཅན་ཚོགས་རྒྱན་རིམ་ལུགས་བཅས་ འགྲེམ་སྟོན་འབད་ཡོད་མི་ཚུ་ སློབ་ཕྲུག་ཚུ་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ལམ་ལུགས་ཀྱི་ སྒྲིག་གཞི་ཚུ་དང་ ལྕོགས་གྲུབ་མཉམ་བསྡོམས་ལས་འགུལ་གྱིས་ གོང་འཕེལ་བཏང་སྟེ་ འགྲེམ་སྟོན་འབད་ཡོད་པའི་ ལས་འགུལ་ཚུ་ཨིན་པས།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་རྒྱ་དང་འཁྲིལ་ཏེ་ འབྲུག་པའི་སློབ་ཕྲུག་ཚུ་གིས་ རྒྱལ་སྤྱིའི་གནས་རིམ་ནང་ དོ་འགྲན་འབད་ཚུགསཔ་ བཟོ་ཐབས་ལུ་དམིགས་ཏེ་ རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་ མཐོ་རིམ་སློབ་གྲྭ་དེ་ དུས་རབས་ ༢༡ པའི་ ཡར་འཕེལ་དང་ གོ་སྐབས་ཚུ་དང་ འབྲེལ་མཐུན་ཅན་གྱི་ རྩ་གཞུང་ཚུ་གསརཔ་ཚུ་གི་སྒོ་ལས་ གཞི་སྒྱུར་འབད་ཡོདཔ་ད་ མཐོ་རིམ་སློབ་གྲྭ་དེ་ནང་ལས་ སློབ་ཕྲུག་སྡེ་ཚན་དང་པ་གིས་ དུས་ཅི་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1395388
Views Today :
Total views : 5000
Who's Online :