
པདྨ་དབང་འདུས།
འཕྲལ་ཁམས་ཅིག་ཁར་ ཡུ་ཨེཛ་གཞུང་གིས་ ས་མཚམས་ཉེན་སྲུང་དང་ ཕྱི་མི་ནང་བསྐྱོད་ཀྱི་ ལན་ལེན་ཚུ་ བཙན་ཐབས་འབད་ནི་གི་ གསལ་བསྒྲགས་དང་འབྲེལ་ཏེ་ ཡུ་ཨེཛ་ལུ་ཡོད་མི་ འབྲུག་མི་ཚུ་གི་དོན་ལས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གཤམ་འཁོད་བསླབ་བྱ་ཚུ་ གསལ་བསྒྲགས་འབདཝ་ཨིན་པས།
དེ་ཡང་ འབྲུག་མི་ཡོངས་ཀྱིས་ ཡུ་ཨེཛ་གི་ ཕྱི་མི་ནང་བསྐྱོད་ཀྱི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ལུ་ ཆ་གནས་དམ་གཟབ་བཞག་དགོ་པའི་ ནན་སྐུལ་དང་། ནང་བསྐྱོད་ཁྲིམས་མཐུན་མིན་མི་ གནས་རིམ་ནང་གི་ འབྲུག་མི་ཚུ་་ རང་སོའི་ཁས་བླངས་ཐོག་ལུ་ ག་དེ་མགྱོགས་མགྱོགས་ ཡུ་ཨེཛ་རྒྱལ་ཁབ་ལས་ ཕྱིར་ཐོན་འབད་དགོ་ཟེར་བཀོད་ནུག།
དེ་སྦེ་ རང་སོའི་ཁས་བླངས་ཐོག་ལས་ ཕྱིར་ཐོན་འབད་མི་ཚུ་ལུ་ འབྲུག་རྒྱལ་ཁབ་ནང་ འོང་ནིའི་དོན་ལས་ ཡུ་ཨེཛ་གཞུང་གི འབྲེལ་ཡོད་ལས་སྡེ་ནང་ལས་ དངུལ་འབྲེལ་གྲོགས་རམ་ཡང་ འཐོབ་སྲིད་ནི་དང་། རང་སོའི་ཁས་བླངས་ཐོག་ལས་ ཕྱིར་ཐོན་གྱི་དོན་ལུ་ ཡུ་ཨེཛ་གི་ འགྲུལ་འཕྲིན་ནང་ལས་ ཡོངས་འབྲེལ་ཁ་བྱང་ https://www.cbp.gov/about/mobile-apps-directory/cbphome བརྒྱུད་དེ་ ཐོ་བཀོད་འབད་ཚུགས་ནི་ཨིན་པས།
ཡུ་ཨེཛ་གི་ ཕྱི་མི་ནང་བསྐྱོད་ཀྱི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ བསྟར་སྤྱོད་འབད་ནི་དེ་ ཡུ་ཨེཛ་གཞུང་གི་ རང་དབང་ཨིནམ་ལས་ འབྲུག་མི་ཡོངས་ཀྱིས་ ཡུ་ཨེཛ་གི་ ཕྱི་མི་ནང་བསྐྱོད་དབང་འཛིན་ཚུ་གི་ བཀོད་རྒྱ་ལུ་ དུས་ནམ་ར་འབད་རུང་ ཆ་གནས་ཧྲིལ་བུར་ བཞག་ནི་ཨིན་ཟེར་བཀོད་ནུག།
ཡུ་ཨེཛ་གཞུང་གིས་ འདས་པའི་འབྲེལ་ཡོད་གསལ་བསྒྲས་ཚུ་ རྒྱལ་ཡོངས་བརྡ་བརྒྱུད་ གཙོ་བོ་ཚུ་བརྒྱུད་དེ་ ཁྱབ་སྤེལ་འབད་ཡོདཔ་ད་ དེ་ཡང་ ཁྲིམས་མཐུན་ནང་བསྐྱོད་ཀྱི་ གནས་རིམ་ནང་མིན་པའི་ འབྲུག་མི་ཚུ་གིས་ གོ་དོན་རྟོགས་ནི་གི་ ཐག་གཅོད་དོན་ལུ་ཨིན་པས།
འབྲུག་གཞུང་གི་ ཁ་ཐུག་ལས་ ཡུ་ཨེཛ་གི་ ཕྱི་མི་ནང་བསྐྱོད་ཀྱི་ ཁྲིམས་ལུགས་དང་ སྒྲིག་གཞི་ཚུ་ལུ་ ཆ་གནས་མ་བཞག་པའི་ གནད་དོན་ཚུ་དང་འབྲེལ་ཏེ་ བར་འཛུལ་ ཡང་ཅིན་ སྐུ་ཚབ་ཡིག་ཚང་གི་ རྒྱབ་སྐྱོར་ཚུ་ ག་ནི་ཡང་ སྤྲོད་ཐབས་མེད་ཟེར་བཀོད་ནུག།
ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་ ཁ་ཐུག་ལས་ ཡུ་ཨེཛ་རྒྱལ་ཁབ་ནང་ཡོད་མི་ འབྲུག་མི་ཡོངས་ཀྱིས་ ཆ་གནས་ཡོད་པའི་ ཁྲིམས་ལུགས་ཚུ་དང་འཁྲིལ་བའི་ འགན་ཁུར་ཚུ་གི་སྒོ་ལས་ ལག་ལེན་ཚུ་འཐབ་དགོ་པའི་ ནན་སྐུལ་ཡང་འབདཝ་ཨིན་ཟེར་ གསལ་བསྒྲགས་ནང་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391483
Views Today :
Total views : 5000
Who's Online :