
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༢༣ ལུ་ བཀྲིས་ཆོས་རྫོང་གི་ ཀུན་དགའ་རྭ་བ་ཆེན་མོའི་ནང་ དམིགས་བསལ་གྱི་ མཛད་སྒོ་ཅིག་ འགོ་འདྲེན་འཐབ་ཐོག་ལས་ མཐའ་ཡས་ལེན་ལས་ འཐུས་མི་སྡེ་ཚན་ཅིག་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ སྒྲ་སྐད་ཐོག་གི་ འཛམ་གླིང་རྒྱལ་བའི་བཀའ་འགྱུར་དང་ བསྟན་འགྱུར་པོ་སྟི་ ༨ འབད་མི་ཅིག་ ཕུལ་ཡོདཔ་ཨིན་པས།
ཊི་པི་ཏ་ཀ་ཟེར་མི་ བཀའ་འགྱུར་དེ་ སྟོན་པའི་གསུང་རབ་རྙིང་ཤོས་ཨིནམ་ད་ དེ་ཡང་ སངས་རྒྱས་ཏེ་ ཟླཝ་གསུམ་གྱི་ཤུལ་ལས་ སངས་རྒྱས་ཀྱིས་ རྒྱལ་པོའི་ཁབ་ལུ་ ཆོས་འཁོར་བསྐོར་གནངམ་ད་ བསྟན་པའི་སློབ་ཚོགས་ཀྱིས་ སངས་རྒྱས་ཀྱི་ བསྟན་པ་ཚུ་ ལྷག་ནིའི་དོན་ལས་ འདུ་འཛོམས་འབད་བའི་སྐབ་ལུས་ བསྟན་པ་ཚུ་ཡང་ ཊི་པི་ཏ་ཀ་ཟེར་ དབྱེ་རིམ་བཀོད་དེ་ བཟོ་སྒྲིག་གནང་ནུག།
བཀའ་འགྱུར་གྱི་མཚན་ལུ་ པ་ལི་བཀའ་འགྱུར་ཟེར་ ཞུ་སྲོལ་ཡོད་མི་དེ་ ཐེག་ཆེན་གྱི་གཞི་རྟེན་ བཀའ་འགྱུར་དང་ བསྟན་འགྱུར་ཨིན་དོ་བཟུམ་ ནང་པའི་ཆོས་ལུགས་ ཐེ་ར་ཝ་ཌའི་ གཞི་རྟེན་ཨིན་པས།
འབྱུང་རབས་ཅན་གྱི་ འབུལ་བ་དེ་གིས་ དུས་རབས་ཅིག་གི་ སྔ་གོང་ལུ་ མཐའ་ཡས་ལེན་གྱི་རྒྱལཔོ་ ཅུ་ལ་ལོང་ཀཱོན་ ཅུ་ལ་ཅོམ་ཀ་ལའོ་ རཱ་མ་ ༥ པ་མཆོག་གིས་ མཐའ་་ཡས་ལེན་ རྒྱལ་ཁབ་དེ་ སི་ཡཱམ་རྒྱལ་ཁབ་ཟེར་ མིང་གནས་འཛིན་ཏེ་ཡོད་པའི་དུས་ལས་ གཞི་བཙུགས་མཛད་པའི་ བཤུལ་བཞག་འཕྲོ་མཐུད་ཨིནམ་ད་ དེ་ཡང་ ཐེ་ར་ཝ་ཌའི་ བཀའ་འགྱུར་ཆ་ཚང་ཅིག་ སྤྱི་ལོ་ ༡༨༩༣ ལུ་ དཔེ་བསྐྲུན་འབད་དེ་ འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་ དཔེ་མཛོད་ཚུ་ལུ་ བཀྲམ་སྤེལ་འབད་ནུག།
སྒྲ་སྐད་ཐོག་གི་ འཛམ་གླིང་ཊི་པི་ཏ་ཀ་ས་ཇྷ་ཡའི་ བཟོ་སྒྲིག་དེ་ འགོ་ཐོག་པཱ་ལི་ཁ་སྐད་ཀྱི་ བརྗོད་སྒྲ་ཉམས་སྲུང་དང་ ཚད་ལྡན་བཟོ་ཐབས་ལུ་ ཆེད་དུ་དམིགས་ཏེ་ དཔེ་བཤུས་རྐྱབ་ཡོདཔ་ད་ དེ་ཡང་ ཊི་པི་ཏ་ཀའི་ ལྗགས་ལུང་ཚུ་ ཞུན་དག་གི་དོན་ལུ་ གོང་འཕེལ་བཏང་ཡོདཔ་ཨིན་པས།
པཱ་ལིའི་སྒྲ་སྐད་ཐོག་གི་ ཊི་པི་ཏ་ཀའི་ དཔེ་བཤུས་དེ་ དམངས་དབྱུངས་འཐེན་ནི་དང་ བློ་ལུ་བཟུང་ནི་ལ་སོགས་པའི་དོན་ལུ་ དགེ་སློང་དང་ མཁས་རིག་ལྡན་མི་ དེ་ལས་ ཉམས་ལེན་པ་ཚུ་ལུ་ ཉེ་བར་མཁོ་དོ་ཡོདཔ་ད་ ས་ཇྷ་ཡ་ཟེར་མི་ མིང་ཚིག་གི་ གོ་དོན་དེ་ཡང་ ནང་པའི་དཔེ་ཆ་ཚུ་ ཞལ་འདོན་གྱི་ ལམ་སྲོལ་ལུ་ གོཝ་ཨིནམ་སྦེ་བཀཅད་ནུག།
སྒྲ་སྐད་ཐོག་གི་ འཛམ་གླིང་ཊི་པི་ཏ་ཀ་ས་ཇྷ་ཡའི་ བཟོ་སྒྲིག་དེ་ནང་ བཟོ་སྒྲིག་ཐེངས་ ༢ འབད་ཡོད་པའི་ རྒྱལ་བའི་བཀའ་འགྱུར་པོ་སྟི་ ༨༠ ཡོདཔ་ད་ དེ་ཡང་ ཐེངས་དང་པ་ སྤྱི་ལོ་ ༢༠༡༦ ལུ་ མཐའ་ཡས་ལེན་གྱི་རྒྱལཔོ་ བྷུ་མི་བོལ་ ཨ་དུ་ལི་ཡ་དེཇི་ རཱ་མ་ ༩ པ་མཆོག་ གསེར་ཁྲིར་མངའ་གསོལ་གྱི་ དུས་སྟོན་ཐེངས་ ༧༠ པ་དང་འབྲེལ་ཏེ་ བཟོ་སྒྲིག་འབད་ཡོདཔ་ཨིན་པས།
དེ་ཡང་ བཟོ་སྒྲིག་ཐེངས་དང་པའི་ནང་ པོ་སྟི་ ༤༠ འབད་མི་དེ་ རྒྱལཔོ་བྷུ་མི་བོལ་ཨ་དུ་ལི་ཡ་དཇི་གི་ བཟོ་སྒྲིག་ཟེར་ པ་ལིའི་བརྗོད་སྒྲ་ཚུ་ སི་ཡཱམ་གྱི་ ཡིག་ཐོག་དང་ དབྱངས་སྙན་ཐོག་ལུ་ བཀོད་དེ་ཡོདཔ་ད་ བཟོ་སྒྲིག་ཐེངས་གཉིས་པ་དེ་ རྒྱལ་བཙུན་སི་རི་ཀིཏ་གི་ བཟོ་སྒྲིག་ཟེར་ པཱ་ལི་ནང་གི་ དབྱངས་སྙན་ཚུ་བཀོད་ནུག།
དམིགས་བསལ་གྱི་ མཛད་སྒོ་དེ་ མར་མེ་སྟོང་མཆོད་ཕུལ་ཐོག་ལས་ མཇུག་བསྡུ་གནང་ཡོདཔ་ཨིན་པས།
བཀའ་འགྱུར་པོ་སྟི་ཚུ་ བཟོ་སྒྲིག་འབད་མི་ འཛམ་གླིང་ཊི་པི་ཏ་ཀ་ གཞི་ཚོགས་ཀྱི་ འཐུས་མི་ཅིག་གིས་ བཤད་མིའི་ནང་ ད་རེས་ མཐའ་ཡས་ལེན་ རྒྱལ་བརྒྱུད་རྒྱལ་ཁབ་ཀྱིས་ འབྲུག་གི་མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ སྒྲ་སྐད་ཐོག་གི་ བཀའ་འགྱུར་ཕུལ་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་ མི་དབང་སྐུ་འཁོར་ཚུ་གི་བར་ན་ མཛའ་བཤེས་དམ་གཟབ་ཡོད་མི་དང་ རྒྱལ་ཁབ་ ༢ ཀྱི་ གཅིག་མཚུངས་ཀྱི་ སྔར་འཁྱུན་ལམ་སྲོལ་གྱི་ བརྡ་མཚོན་སྟོནམ་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།





Users Today : 3449
Users Yesterday : 3959
This Month : 54213
This Year : 491206
Total Users : 1203022
Views Today : 6455
Total views : 3244961
Who's Online : 25