རྒྱལ་ཡོངས་ཚོགས་འདུའི་ནང་ དྲི་བཀོད་ལས་རིམ་མཇུག་སྡུད།

མགོན་པོ་རྡོ་རྗེ།
སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ ངག་ཐོག་གི་ དྲི་བ་ ༥ དང་ ཡིག་ཐོག་གི་ དྲི་བ་ ༥ བཀོད་ཡོདཔ་ད་ དེ་ཡང་ མི་རྗེ་བློན་ཆེན་ལུ་ ངག་ཐོག་དྲི་བ་ ༣ དང་ ནང་སྲིད་བློན་པོ་ལུ་ དྲི་བ་ ༢ ཞུ་བའི་གུ་ དངུལ་རྩིས་བློན་པོ་དང་ ནང་སྲིད་བློན་པོ་ལུ་ ཡིག་ཐོག་གི་ དྲི་བ་ ༢ རེ་དང་ མི་རྗེ་བློན་ཆེན་ལུ་ཡང་ ཡིག་ཐོག་གི་ དྲི་བ་ ༡ ཕུལ་ཡོདཔ་ཨིན་པས།
དེ་ཡང་ དགྲ་མེད་རྩེ་སྔ་ཚང་ འདེམས་ཁོངས་འཐུས་མི་གིས་ བློན་ཆེན་གྱི་ ཡིག་ཚང་འོག་ལུ་ གསར་བཙུགས་འབད་མི་ སྤུས་ཚད་ཅན་གྱི་ བལྟ་རྟོག་ཡིག་ཚང་ནང་ མི་སྟོབས་ལངམ་སྦེ་ ཡོད་མེད་ཀྱི་སྐོར་ལས་དང་ གཞུང་གིས་ གཏན་འཇགས་ཀྱི་ རྒྱལ་ཡོངས་སྤུས་ཚད་གཙུག་སྡེ་ཅིག་ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོད་ག་ཟེར་བའི་ དྲི་བ་དང་ ཞི་གཡོགཔ་ཚུ་ གཅིག་ཁར་བསྡོམས་ཏེ་ འཇོན་ཐངས་ཅན་སྦེ་ བཞག་ནི་གི་ དམིགས་ཡུལ་དང་ མཐུན་སྒྲིག་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་ཞུ་ནུག།
དེ་གི་ལན་ལུ་ མི་རྗེ་བློན་ཆེན་གྱིས་ རྒྱལ་ཁབ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་དགོཔ་ གལ་ཆེ་བའི་ གསལ་བཤད་དང་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ གཙོ་བོར་བཏོན་དགོཔ་འདི་ ག་ནི་བ་ ཁག་ཆེཝ་སྦེ་ཡོད་པའི་གུ་ ཚོགས་ཁང་ནང་ འཆར་དངུལ་ཡོངས་བསྡོམས་ བགོ་བཀྲམ་འབད་མིའི་ནང་ལས་ གཞི་རྟེན་མཐུན་རྐྱེན་ གོང་འཕེལ་གྱི་དོན་ལུ་ མ་དངུལ་ཐེར་འབུམ་ ༨༦ བཞག་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ ཟམ་དང་ ལྷ་ཁང་ སློབ་གྲྭ་དང་ སྨན་ཁང་ འཁོར་ལམ་བཟོ་སྐྲུན་འབད་ནི་ཚུ་ཨིནམ་ད་ འཆར་དངུལ་ཡོངས་བསྡོམས་དེ་ནང་ལས་ དངུལ་ཀྲམ་ཐེར་འབུམ་ ༣༣ དམིགས་བསལ་དུ་ འཁོར་ལམ་སེལ་ནི་དང་ དེ་དང་འབྲེལ་བའི་ ལཱ་ཚུ་གི་དོན་ལུ་ བགོ་བཀྲམ་འབད་དེ་ཡོད་མི་ཚུ་ མི་སེར་དང་ རྒྱལ་ཡོངས་ལུ་ མི་སྡེ་དཔལ་འབྱོར་གྱི་ ཁེ་ཕན་འབྱུང་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ཨིན་པའི་ ཞུ་བ་ཕུལ་ནུག།
དེ་སྦེ་ བློན་ཆེན་གྱི་ ཡིག་ཚང་འོག་ལུ་ཡོད་མི་ སྤུས་ཚད་ཅན་གྱི་ བལྟ་རྟོག་ཡིག་ཚང་དེ་ དམིགས་བསལ་གྱིས་ ལམ་བཟོ་སྐྲུན་དང་ ཉམས་བཅོས་ཀྱི་ གཞི་རྟེན་གོང་འཕེལ་གྱི་ སྤུས་ཚད་བལྟ་རྟོག་འབད་ནིའི་དོན་ལུ་ གནས་སྐབས་ཀྱི་ སྡེ་ཚན་ཅིག་སྦེ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
ད་རེས་ ཡིག་ཚང་དེ་ནང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ལས་ བསྐོ་བཞག་འབད་དེ་ཡོད་མི་ བཟོ་རིག་པ་ ༢ ཡོད་པའི་གུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་མིན་པར་ ལས་འགུལ་འདི་གི་ཐོག་ལས་ བཙུགས་ནི་ཨིན་མི་ བཟོ་རིག་པ་ཁ་སྐོང་ ༤ བསྐོ་བཞག་འབད་ནི་གི་ འཆར་གཞི་ཡོད་ལུགས་དང་ སྤུས་ཚད་ཅན་གྱི་ བལྟ་རྟོག་ཡིག་ཚང་འདི་ ལོ་ལྔའི་འཆར་གཞི་ ༡༣ པའི་འོག་ལུ་ དུས་ཚོད་དང་འཁྲིལ་ཏེ་ འགོ་བཙུགས་ཡོད་མི་ལུ་ རྒྱ་གར་གཞུང་གིས་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་ཐོག་ལས་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ཞུ་ནུག།
ལོ་ལྔའི་འཆར་གཞི་ ༡༣ པ་ མཇུག་བསྡུ་བའི་བསྒང་ལས་ ཡིག་ཚང་དེ་ མེདཔ་བཟོ་ནི་ཨིན་རུང་ གཞུང་གིས་ གཏན་འཇགས་ཀྱི་ རྒྱལ་ཡོངས་སྤུས་ཚད་སྤེལ་ཁང་ གཞི་བཙུགས་འབད་ནི་གི་ འཆར་གཞི་མེད་ཟེར་ཨིནམ་ད་ དེ་གིས་ ལག་ལེན་མགུ་རྙོག་དྲགས་དང་ འཇོན་ཐངས་མར་ཕབ་ འགྱོ་ནི་མས་ཟེར་ཨིན་པས།
དེ་ལས་ སྐྱེངས་མཁར་ཝེ་རིང་ལ་ འདེམས་ཁོངས་འཐུས་མི་གིས་ མི་རྗེ་བློན་ཆེན་ལུ་ སྤྱི་ལོ་ ༢༠༢༧ ལོར་ རྒན་ཤོས་ཀྱི་ མི་རློབས་མཐོ་སུ་ཅིག་སྦེ་ འགྱོ་ནི་གི་ ཚོད་རྩིས་དཔག་མི་དང་འཁྲིལ་ཏེ་ མི་སྡེའི་སྲུང་སྐྱོབ་དང་ རྒན་ཤོས་ཀྱི་འཕྲོད་བསྟེན་ དེ་ལས་ གཞི་རྟེན་མཁོ་ཆས་དང་ རྒན་ཤོས་ཚུ་གི་དོན་ལུ་ རྒྱལ་ཡོངས་ཀྱི་ སྲིད་བྱུས་སྒྲིང་སྒྲིང་ཅིག་ གཞི་བཙུག་གནང་ནི་ལུ་ གཞུང་གི་ཁ་ཐུག་ལས་ འཆར་གཞི་དང་ ཐབས་ལམ་ག་ཅི་བཟུམ་ར་ བརྩམ་སྟེ་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་ཞུ་ནུག།
དེ་གི་ལན་ལུ་ མི་རྗེ་བློན་ཆེན་གྱིས་ ཧེ་མ་ མི་རྒན་ཤོས་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ཡོད་རུང་ ད་རེས་ནངས་པར་ ལ་ལོ་ཅིག་ལུ་ གདོང་ལན་བྱུང་དོ་ཡོདཔ་ལས་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་དགོཔ་ ཁག་ཆེ་མི་དང་འབྲེལ་བའི་ ཐབས་ཤེས་ཚུ་ གཏོན་དགོཔ་ཡོད་པའི་ ངོས་ལེན་མཛད་ཡོདཔ་ད་ དེ་སྦེ་ མི་རྒན་ཤོས་ ཡར་སེང་འགྱོ་མི་དེ་ཡང་ མང་ཤོས་ཅིག་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་ རྒྱལ་ཁབ་ཀྱི་ཁེ་ཕན་ དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསོ་བའི་ཞབས་ཏོག་ཚུ་ རིན་མེད་སྟོང་མར་ གནང་མི་ལུ་བརྟེན་ཏེ་ཨིནམ་སྦེ་ ཞུ་ཡོདཔ་ཨིན་པས།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་རྒན་ཤོས་ཚུ་ལུ་ རྒྱབ་སྐྱོར་སྦོམ་སྦེ་ར་ གནང་བཞིན་དུ་ཡོད་མི་ཚུ་ཡང་ དཔེར་ན་ ཀོ་ཝིཊ་-༡༩ གི་ ནད་ཡམས་ཐོན་པའི་སྐབས་ལུ་ མི་རྒན་ཤོས་སྟོང་ཕྲག་ ༣༠ དེ་ཅིག་ལུ་ སྨན་ཁབ་དེ་ ལན་ཐེངས་ ༩ ཚུན་ཚོད་ ཐོབ་ཡོདཔ་མ་ཚད་ ད་རེས་ རྫོང་ཁག་ ༢༠ གི་ མི་རྒས་ཤོས་ ༧༢༥ དེ་ཅིག་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སྐྱིད་སྡུག་ཚུ་ ཞུ་དང་ཞུ་བཞིན་དུ་ཡོད་པའི་ཁར་ སྨན་བཅོས་དང་ མེ་སྦྱང་གི་ ཞབས་ཏོག་ཚུ་ཡང་ག་ར་ རྫོང་ཁག་སྐྱིད་སྡུག་འགོ་དཔོན་ཚུ་གིས་ འཛིན་སྐྱོང་འཐབ་སྟེ་ ཕྱག་ཞུ་དོ་ཡོད་པའི་ ལན་གསལ་ཞུ་ནུག།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཝང་སི་སི་ནང་ལུ་ རྒན་ཤོས་ཚུ་གི་དོན་ལས་ མཚམས་ཁང་མང་རབས་ཅིག་ གཞི་བཙུགས་གནང་སྟེ་ཡོད་མིའི་ནང་ མི་རྒས་ཤོས་ ༦༢ དེ་ཅིག་ལུ་ བཟའ་འཐུང་དང་ ཉལ་ས་ སྨན་བཅོས་ དེ་ལས་ དགོས་མཁོའི་ཞབས་ཏོག་ཚུ་ བྱིན་དོ་ཡོད་པའི་གུ་ གཞུང་གི་ཁ་ཐུག་ལས་ སྲིད་བྱུས་ལེགས་ཤོམ་ བཟོ་དགོཔ་འདི་ གལ་ཆེ་ཤོས་ཅིག་དང་ རྒྱལ་ཡོངས་མི་སྡེ་སྲིད་བྱུས་འོག་ལུ་ མི་རྒན་ཤོས་ཚུ་གི་དོན་ལས་ གསོ་བ་དང་ མ་དངུལ་གྱི་རྒྱབ་སྐྱོར་ དེ་ལས་ མི་མང་སྐྱེལ་འདྲེན་གྱི་ གྲོགས་རམ་ཚུ་ཡང་ ཡུན་བརྟན་གོང་འཕེལ་གྱི་ འཆར་གཞི་དང་འཁྲིལ་ཏེ་ བཀོད་དེ་ཡོད་ཟེར་ཨིན་པས།
ཉི་ཤོག་སྲས་ཕུག་ འདེམས་ཁོངས་འཐུས་མི་གིས་ འབྲུག་རྒྱལ་ཁབ་ནང་ ཚ་གྱང་གཙོ་བོ་ཅིག་ འབྲུག་མི་ལྕོགས་གྲུབ་ཅན་ཚུ་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་དེ་ ཕྱི་ཁར་འགྱོ་མི་དང་ ན་གཞོན་ཚུ་གིས་ ལཱ་འབད་བར་ ཕྱིའི་རྒྱལ་ཁབ་ནང་ འགྱོ་མི་ཚུ་གི་སྐོར་ལས་དང་ གཞུང་གིས་ ཕྱི་རྒྱལ་ལས་ ལོག་འོང་མི་ཚུ་ལུ་ ལཱ་གཡོག་ཐོ་བཀོད་ཀྱི་ ལས་རིམ་ཅིག་ བཟོ་མི་དང་འཁྲིལ་ཏེ་ མི་ག་དེམ་ཅིག་ལུ་ ལཱ་གཡོག་བྱིན་ཡི་ག་དང་ འབྲུག་མི་ཚུ་ དེ་བཟུམ་སྦེ་ འགྱོ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ འགྱོཝ་ཨིན་ན་ དེ་སྦེ་འགྱོ་མི་ཚུ་ བཀག་ནི་དང་ མར་ཕབ་ཀྱི་ཐབས་ལམ་ གཞན་ག་ཅི་ར་ སྒྲིག་དོ་ག་ཟེར་བའི་ དྲི་བ་ཞུ་ནུག།
མི་རྗེ་བློན་ཆེན་གྱིས་ དྲི་བ་དེ་ལུ་ གཞུང་གི་ཁ་ཐུག་ལས་ ངོས་ལེན་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ལས་ ཕྱི་ཁར་འགྱོ་ཡོད་མིའི་ མི་སེར་བརྒྱ་ཆ་ ༩ དེ་ཅིག་ཨིནམ་ད་ དེ་གི་ནང་ལས་ བརྒྱ་ཆ་ ༢༣ དེ་ཅིག་ ལཱ་གཡོག་དང་ དཔེ་ཆ་ལྷབ་སྦྱང་གི་དོན་ལུ་ ཨཱཛ་ཊི་ལེ་ཡ་ལུ་ སོང་ཡོདཔ་སྦེ་ ཞུ་བའི་ཁར་ མི་ངོམ་ ༥༠༠ དེ་ཅིག་གིས་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ ལཱ་གཡོག་བྱིན་ནིའི་ནང་ ཐོ་བཀོད་འབད་ཡོད་མིའི་གྲས་ལས་ མི་ངོམ་ ༡༧༠ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་སྦེ་ཨིན་པས།
དེ་གི་གྲངས་སུ་ཚུད་མི་ མི་ངོམ་ ༣༠ ལུ་ ལས་སྡེ་ཁག་དང་ ལྷན་ཁག་ཚུ་ནང་ འགྱུར་མེད་གནས་ཡུན་གྱི་ ལཱ་གཡོག་ནང་ བཙུགས་ཏེ་ཡོད་པའི་གུ་ ད་ལྟོའི་གནས་སྟངས་ནང་ ལཱ་གཡོག་གི་ ས་སྟོང་མེད་པའི་ཁར་ བསྐོ་བཞག་འབད་ནི་ལུ་ཡང་ ངེས་པ་མེདཔ་ལས་ རྒྱལ་ཁབ་ནང་ ལོག་འོང་མི་ཚུ་གིས་ ཚོང་ལཱ་འབད་བ་ཅིན་ གཡོག་གི་གོ་སྐབས་ཚུ་ ལེགས་ཤོམ་སྦེ་ མཐོང་མས་ཟེར་ཞུ་ནུག།
གསེར་གྱི་ཐང་ རྩི་རང་སྟོད་ འདེམས་ཁོངས་འཐུས་མི་གིས་ ནང་སྲིད་བློན་པོ་ལུ་ འགངས་ཅན་གྱི་ མཆོད་རྟེན་དང་ ལྷ་ཁང་བཟུམ་ཚུ་ གཏོར་བཤིག་དང་ ཉེས་སྤྱོད་ མེ་རྐྱེན་ལས་ ཉམས་སྲུང་འབད་དགོ་པའི་སྐོར་ལས་དང་ ས་ཁོངས་ཚུ་ནང་ཡོད་མི་ ནང་རྟེན་རྩ་ཅན་ཚུ་གི་ ཐོ་བཀོད་ཁ་གསལ་དང་ བདག་འཛིན་འཐབ་ཐངས་ ཉེན་སྲུང་གི་དོན་ལུ་ དམིགས་བསལ་གྱི་ ཐབས་ལམ་ཚུ་ ག་ཅི་ར་ སྟོན་དོ་ག་ཟེར་བའི་ དྲི་བ་ཞུ་ཡོདཔ་ཨིན་པས།
དེ་གི་ལན་ལུ་ ནང་སྲིད་བློན་པོ་གིས་ འཛམ་གླིང་རྒྱལ་ཁབ་མང་ཤོས་ཅིག་ནང་ འཐབ་རྩོད་དང་ དམག་འཁྲུག་ཚུ་ བྱུང་ཡོད་རུང་ ང་བཅས་རའི་ རྒྱལ་ཁབ་ནང་ དགའ་སྐྱིད་དང་ ཞི་བདེ་བྱུང་སྟེ་ར་ཡོད་མི་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ ཤུལ་བཞག་དང་ གུ་རུ་རིན་པོ་ཆེའི་ བྱིན་རླབས་དང་ ཉམས་སྲུང་འབད་ཡོད་མི་ རྫོང་དང་ ལྷ་ཁང་ དེ་ལས་ ས་ཁོངས་རྩ་ཅན་ཚུ་ནང་ དབུ་ཁྲིདཔ་ཚུ་གིས་ བཞེངས་གནང་མི་ཚུ་ཡང་ རྒྱུན་སྐྱོང་འབད་དགོ་པའི་ཁར་ འབྲུག་རྒྱལ་ཁབ་འདི་ ནང་པ་སངས་རྒྱས་པའི་ཆོས་དང་ལྡན་པའི་ རྒྱལ་ཁབ་ཅིག་སྦེ་ རྩིས་དོ་ཡོད་མི་འདི་ཡང་ ནང་རྟེན་དང་ ལྷ་ཁང་ དེ་ལས་ གྲྭ་ཚང་ཚུ་ལུ་བརྟེན་ཏེ་ཨིན་ཟེར་ཞུ་ནུག།
འདི་དང་གཅིག་ཁར་ རྩ་ཆེ་བའི་ ཆོས་ལུགས་ཀྱི་ ནང་རྟེན་ཚུ་ མེདཔ་ཐལ་མི་དང་ མེའི་ཉེན་ཁ་ཚུ་ལས་ ཉེན་སྲུང་འབད་དགོཔ་ ཁག་ཆེ་བའི་སྐོར་ལས་ ཞུ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༢ ལས་ ༢༠༢༤ གི་བར་ན་ ལྷ་ཁང་བསྡོམས་ ༦༩ དང་ མཆོད་རྟེན་ ༡,༢༩༡ ལུ་ གནོད་རྐྱེན་བྱུང་པའི་སྐོར་ལས་ཡང་ ཞུ་ཡོདཔ་ཨིན་པས།
བློན་པོ་གིས་ ལྷན་ཁག་འོག་གི་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ནང་རྟེན་རྩ་ཅན་ཚུ་གི་ ཐོ་བཀོད་ཁ་གསལ་ཚུ་ རྒྱུན་སྐྱོང་འཐབ་ནི་གི་ འགན་ཁུར་འབག་དོ་ཟེར་ ཚོགས་དམངས་ལུ་ ཞུ་ཡོདཔ་མ་ཚད་ སྤྱི་ལོ་ ༡༩༦༠ ལོ་གྲངས་ཀྱི་ཧེ་མ་ལས་ བཞེངས་ཡོད་མི་ ལྷ་ཁང་དང་ མཆོད་རྟེན་ཚུ་ལུ་ གཙོ་རིམ་བྱིན་ཏེ་ རྒྱལ་རབས་དང་ མི་མང་ལུ་ གལ་གནད་ཅན་ཅིག་སྦེ་ཡང་ ངོས་འཛིན་འབད་དེ་ཡོད་ཟེར་ཞུ་ནུག།
དེ་བཟུམ་སྦེ་ ལྷན་ཁག་གིས་ བལྟ་རྟོག་ཐོག་ལས་ བདག་འཛིན་འཐབ་མི་ཚུ་ སོར་འགྱོ་བའི་སྐབས་ལུ་ མཆོད་རྟེན་གསརཔ་སྦེ་ བཞེངས་མི་ཚུ་ནང་ ནང་རྟེན་ག་བཟུམ་ཅིག་ བཙུགས་དོ་ག་ཚུ་དང་ ས་ཁྲམ་གྱི་ ཁ་གསལ་ཚུ་ཡང་ ཐོ་བཀོད་འབད་དོ་ཡོདཔ་ད་ ཡིག་ཆ་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ མཉམ་འབྲེལ་ཐོག་ལས་ ལམ་སྟོན་གསལ་ཏོག་ཏོ་ཅིག་ བཟོ་ནི་ལུ་ཡང་ གཙོ་བོར་བཏོན་དོ་ཡོདཔ་སྦེ་ཨིན་པས།
དེ་དང་གཅིག་ཁར་ ཐོ་བཀོད་འབད་ནི་དང་ འགན་ཁུར་ཚུ་ ཧ་གོ་ནིའི་དོན་ལས་ བདག་འཛིན་འཐབ་མི་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་ཡང་ བྱིན་དོ་ཡོད་པའི་གུ་ ལྷག་པར་དུ་ གློག་རིག་པར་ཆས་ཚུ་ ས་ཁོངས་གལ་ཅན་ཚུ་ནང་ གཞི་བཙུགས་འབད་མི་དེ་གིས་ བྱ་ངན་ཚུ་ བཀག་ཐབས་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ལུགས་དང་ མེ་རྐྱེན་སྔོན་འགོག་གི་དོན་ལས་ མེ་བསད་འཕྲུལ་ཆས་ཚུ་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ མེ་རྐྱེན་ཉེན་སྲུང་གི་ སྦྱོང་བརྡར་ཚུ་ཡང་ བྱིན་ཡོདཔ་ད་ ཆོས་ཕྱོགས་ཀྱི་ ས་ཁོངས་ཚུ་ནང་ དུ་པ་དང་ མེ་དྲོད་ཚོར་ཐབས་ཀྱི་ འཕྲུལ་ཆས་ཚུ་ཡང་ བཙུགས་ཏེ་ཡོད་ཟེར་ཞུ་ནུག།
མེ་རྐྱེན་མང་ཤོས་ཅིག་ར་ དཀར་མེ་ལུ་བརྟེན་ཏེ་ བྱུང་དོ་ཡོད་པའི་ ངོས་འཛིན་འབད་དེ་ དཀར་མེ་ཕུལ་སའི་ ས་གོ་ཚུ་ ལྷ་ཁང་གི་ཕྱི་ཁར་ བཟོ་སྐྲུན་འབདཝ་མ་ཚད་ རྒྱལ་གཞུང་འགག་སྡེ་དང་ ལྷ་ཁང་གི་ ལས་བྱེདཔ་གཉིས་ཆ་ར་ མེ་རྐྱེན་དང་འབྲེལ་བའི་ རྐྱེན་ངན་ཚུ་འབྱུངམ་ད་ གདོང་ལན་འབད་ནིའི་དོན་ལུ་ སྦྱོང་བརྡར་ཚུ་ཡང་ བྱིན་དོ་ཡོད་པའི་ཁར་ ནགས་ཚལ་མེ་རྐྱེན་གྱི་ ཉེན་ཁ་ཡོད་མི་ལུ་བརྟེན་ཏེ་ རྫོང་ཁག་ག་རའི་ནང་ ཉེན་སྲུང་འབད་ནིའི་དོན་ལས་ ལྷ་ཁང་གི་མཐའ་འཁོར་ལུ་ མེ་མཚམས་ཚུ་བཟོ་དགོ་པའི་ གོ་བརྡ་ཚུ་ཡང་ སྤྲོད་དེ་ཡོད་ཟེར་ཨིན་པས།
དེ་ལས་ གླིང་མུ་ཁ་སྟོད་ཝང་ འདེམས་ཁོངས་འཐུས་མི་གིས་ ནང་སྲིད་བློན་པོ་ལུ་ མི་སྡེའི་ས་ཁོངས་ཚུ་ནང་ དོན་ཆུང་གི་བྱ་ངན་དང་ སྨྱོ་རྫས་ལོག་སྤྱོད་འབད་མི་ དམིགས་བསལ་གྱིས་ ཚྭ་ཆུ་དང་ སྨན་ཆུའི་ས་ཁོངས་ཚུ་ནང་ ལྷག་པར་དུ་ སྤུ་ན་ཁ་ ཆུ་སྦུག་ཚྭ་ཆུ་ཚུ་ནང་ ཡང་སེང་འགྱོ་ཡོདཔ་མ་ཚད་ གནད་དོན་དེ་ལུ་བརྟེན་ཏེ་ ས་ཁོངས་དེ་ནང་ སྡོད་མི་དང་ ཕྱི་ཁ་ལས་བྱོན་མི་ མགྱོནམོ་ཚུ་ལུ་ཡང་ ཉེན་ཁ་ཡོདཔ་ལས་ མི་མང་ཉེན་སྲུང་དང་ མི་སྡེའི་དཀའ་སྡུག་བསལ་ཐབས་ལུ་ ལྷན་ཁག་གི་ཁ་ཐུག་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ མི་ངོམ་ཚུ་ ས་ཁོངས་ཚུ་ནང་ གཏང་ནི་གི་ འཆར་གཞི་དང་ ཐབས་བྱུས་ཚུ་ སྒྲིག་དགོ་པའི་ ཞུ་བ་ཕུལ་ནུག།
དེ་གི་ལན་ལུ་ ནང་སྲིད་བློན་པོ་གིས་ སྨྱོ་རྫས་དང་ བྱ་ངན་ དེ་ལས་ སྨྱོ་རྫས་ལོག་སྤྱོད་ཀྱི་ གནད་དོན་དེ་ མི་སྡེའི་ནང་ གདོང་ལན་སྦོམ་དང་ ཡར་སེང་འགྱོ་དོ་ཡོད་པའི་ ངོས་ལེན་ཐོག་ལུ་ ཉིནམ་གཅིག་ནང་ བསལ་མ་ཚུགས་རུང་ མཉམ་འབྲེལ་གྱི་སྒོ་ལས་ ངོས་ལེན་དང་ གཅིག་མཐུན་གྱི་ ཐབས་ལམ་གཏོན་པ་ཅིན་ གདོང་ལེན་ཚུ་ བསལ་མ་ཚུགསཔ་མེད་པའི་གུ་ གནད་དོན་དེ་ཚུ་ སེལ་ཐབས་ལུ་ ལྷན་ཁག་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ མཉམ་འབྲེལ་ཐོག་ལས་ འཆར་གཞི་དང་ ལས་རིམ་སྣ་ཚོགས་ཚུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་མས།
དེ་ཡང་ སྤྱི་ལོ་ ༢༠༢༣ ལས་ ༢༠༢༤ གི་བར་ན་ འབྲེལ་ཡོད་གནད་དོན་ཚུ་ བརྒྱ་ཆ་ ༥.༢༨ ཀྱིས་ མར་ཕབ་སོང་སྟེ་ཡོད་ལུགས་དང་ ལྷན་ཁག་གིས་ སི་སི་ཊི་ཝིའི་ བརྙན་ཐུག་པར་ཆས་ཚུ་ བཙུགས་དོ་ཡོད་པའི་གུ་ ཁྲོམ་ཚོགས་ཀྱི་ སྒྲིང་ཁྱིམ་ཇོ་བདག་ཚུ་ལུ་ཡང་ སི་སི་ཊི་ཝིའི་ པར་ཆས་ཚུ་ བཙུགས་དགོ་པའི་ ཞུ་བ་འབད་དེ་ཡོད་ཟེར་ཞུ་ནུག།
དེ་མ་ཚད་ རྫོང་ཁག་ ༢༠ ག་རའི་ནང་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་རྒྱ་ཆེཝ་སྦེ་ར་ འགོ་འདྲེན་འཐབ་སྟེ་ མི་ངོམ་ ༤༤,༠༢༥ ལྷགཔ་ཅིག་ལུ་ གོ་བ་བརྡ་སྤྲོད་འབད་ཡོད་མི་དེ་ཡང་ ཚོང་འབྲེལ་གྱི་ མི་སྡེ་དང་ མཐོ་རིམ་སློབ་གྲྭ་ བདེ་སྲུང་དང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་ཨིན་པའི་གུ་ ལྷན་ཁག་གིས་ མི་སྡེ་སྲིད་བྱུས་ཀྱི་ ལས་རིམ་ཚུ་གི་ཐོག་ལས་ ས་གནས་ཀྱི་ མི་སྡེ་དང་ ས་གནས་གཞུང་གི་ དབང་འཛིན་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ཡང་ ལཱ་འབད་དོ་ཟེར་ཨིན་མས།
དེ་བཟུམ་སྦེ་ མི་མང་སྤུངས་འཛོམས་འབད་ས་ ཆུ་སྦུག་ཚྭ་ཆུའི་སྐོར་ལས་ བློན་པོ་གིས་ ཚོགས་ཁང་ནང་ ཀོ་ཝིཊ་-༡༩ གི་ ནད་ཡམས་ཐོན་པའི་སྐབས་ལུ་ མི་སྟོབས་མ་ལང་པའི་ དཀའ་ངལ་ལུ་བརྟེན་ཏེ་ རྒྱལ་གཞུང་འགག་སྡེ་ལུ་ བཀྲམ་སྤེལ་འབད་ནི་འདི་ མཚམས་འཇོག་འབད་ཡོད་རུང་ ད་རེས་ ལྷན་ཁག་གིས་ དགོས་མཁོའི་ཞིབ་འཚོལ་དང་ འཆར་གཞི་ཚུ་ རྒྱབ་སྐྱོར་འབད་དེ་ དུས་ཚོད་དང་ དགོས་མཁོ་དང་འཁྲིལ་ཏེ་ སི་སི་ཊི་ཝིའི་ པར་ཆས་ཚུ་བཙུགས་ཏེ་ རྒྱལ་གཞུང་འགག་སྡེ་ལུ་ བཀྲམ་སྤེལ་འབད་ནི་གི་ འཆར་གཞི་ཡོདཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

Please follow and like us: