འབྲུག་གིས་ ལུམྦི་ནི་ལུ་ ལྷ་ཁང་བཞེངས་ནིའི་དོན་ལས་ ས་ཆ་གླར་སྤྱོད་གན་ཡིག།

སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ འབྲུག་གཞུང་དང་ ནེ་པཱལ་ལུམྦི་ནི་ གོང་འཕེལ་བློ་གཏད་ ༢ ཀྱི་བར་ན་ འབྱུང་རབས་ཅན་གྱི་ གྲུབ་འབྲས་ཅིག་ཨིན་མི་ ལུམྦི་ནི་ལུ་ འབྲུག་པའི་ལྷ་ཁང་བཞེངས་ནིའི་དོན་ལས་ ས་ཆ་གླར་སྤྱོད་ཀྱི་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
དེ་ཡང་ ཀཱཋ་མཱན་ཌུ་ལུ་སྦེ་ བཀོད་ཡོདཔ་ད་ དེ་བསྒང་ གཞུང་ ༢ ཀྱི་ ཆེས་མཐོའི་འགོ་དཔོན་ཚུ་དང་ འབྲུག་གི་ནང་སྲིད་ལྷན་ཁག་འོག་གི་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ གཞུང་གྲྭ་ཚང་ དེ་ལས་ ལུམྦི་ནི་ གོང་འཕེལ་བློ་གཏད་ཀྱི་ ངོ་ཚབ་ཚུ་གིས་ གྲལ་གཏོགས་འབད་ནུག།
འབྲུག་པའི་ལྷ་ཁང་དེ་ ལུམྦི་ནིའི་ ནུབ་ཕྱོགས་ལུ་ཡོད་མི་ དགེ་འདུན་ས་ཁོངས་ནང་ ས་ཚད་མི་ཊར་ ༨༠ གྲུ་བཞི་འབད་མིའི་ནང་ བཞེངས་ནི་ཨིནམ་ད་ ས་ཆ་དེ་ སངས་རྒྱས་ཤཱཀྱ་ཐུབ་པ་ སྐུ་བལྟམས་སའི་ ཆུ་ཡུར་དབུས་མ་དང་ སྒྱུ་མ་ལྷ་མཛེས་ལྷ་ཁང་གི་ ཉེ་འདབས་ལུ་ཡོདཔ་ཨིན་པས།
འབྲུག་པའི་ལྷ་ཁང་དེ་ རྫོང་གཞིའི་བཀོད་རིས་ཀྱི་ བཟོ་བཀོད་ཐོག་ལུ་ བཞེངས་ནི་དང་ ལྷན་ཁང་ཐོག་ ༣ འབད་མི་དེ་ རྟ་མགོ་ལྷ་ཁང་ལས་ དཔེ་བླངས་ཏེ་ བཞེངས་ནི་ཨིན་མི་དང་གཅིག་ཁར་ དགེ་འདུན་པའི་ བཞུགས་གནས་དང་ ཞལ་འཛོམས་ཁང་ མི་མང་མཐུན་རྐྱེན་ཚུ་ཡང་ བཙུགས་ནི་ཨིནམ་སྦེ་བཀོད་ནུག།
སྲོལ་འཛིན་དང་ དགེ་འདུན་པའི་ ངོ་ཚབ་ཚུ་དང་བཅས་པའི་ འབྲུག་གི་སྡེ་ཚན་དེ་ ནང་སྲིད་ལྷན་ཁག་གི་ དྲུང་ཆེན་གྱིས་ འགོ་ཁྲིད་འབད་ཡོདཔ་ད་ ནེ་པཱལ་གྱི་སྡེ་ཚན་དེ་ བུམྦི་ནི་ གོང་འཕེལ་བློ་གཏད་ཀྱི་ བཀོད་ཁྱབ་ཁྲི་འཛིན་འོགམ་ མཁན་པོ་ཚེ་རིང་གི་ འགོ་ཁྲིད་ཐོག་ལུ་ ཁྲི་འཛིན་འོག་མ་ ཌོག་ཊར་ལྷར་སྐལ་བླ་མ་དང་ འགོ་དཔོན་ཚུ་ཡོདཔ་ཨིན་པས།
འབྲུག་གཞུང་གི་ མ་དངུལ་ཐོག་ལས་ ལྷ་ཁང་བཟོ་བསྐྲུན་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༨ པའི་ནང་ལས་ འགོ་བཙུགས་ཏེ་ ལོ་ངོ་ ༣ གྱི་ ནང་འཁོད་ལུ་ བསྒྲུབ་ནི་སྦེ་ཨིནམ་ད་ ལྷ་ཁང་དེ་གིས་ འབྲུག་གི་བཀོད་རིས་ཀྱི་ བརྡ་མཚོན་རྐྱངམ་གཅིག་མིན་པར་ ཆོས་ཕྱོགས་ཤེས་ཡོན་ལྷབ་སྦྱང་དང་ སྒྲུབ་པ་གནང་ནིའི་དོན་ལུ་ཡང་ ལག་ལེན་འཐབ་ནི་ཨིནམ་ལས་ འབྲུག་དང་ ནེ་པཱལ་གྱི་བར་ན་ མཐུན་ལམ་གྱི་ བརྡ་མཚོན་སྟོན་པའི་ཁར་ རྒྱལ་སྤྱི་ནང་པའི་གནས་སྐོར་གྱི་ ས་ཁོངས་བཙན་ཐབས་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: