
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༤ ཅན་མ་ ཆ་འཇོག་གི་དོན་ལས་ ཚོགས་རྒྱན་བསྐྱུར་བའི་སྐབས་ལུ་ གྲལ་བཞུགས་འཐུས་མི་ ༦༣ གྱི་གྲས་ལས་ ༡༡ གིས་ དགག་ཆ་བཀོད་ཡོདཔ་ད་ འཐུས་མི་ ༢ ཀྱིས་ ཚོགས་རྒྱན་མ་བསྐྱུར་བར་ འཛེམ་སྡོད་ཡོད་རུང་ འཐུས་མི་ ༥༠ གིས་ ངོས་ལེན་ཡོད་པའི་ ཚོགས་རྒྱན་བསྐྱུར་ཏེ་ མང་མོས་ཐོག་ལས་ ཆ་འཇོག་གྲུབ་གནང་ནུག།
ཚོགས་ཁང་ ༢ ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་མི་ གནད་དོན་ཁག་ ༩ ཡོད་མི་ལུ་ མི་དབང་ཞབས་ལས་ བཀའ་ཤོག་གནང་པའི་ཤུལ་ལུ་ མཉམ་འབྲེལ་ཚོགས་ཆུང་ཅིག་ གཞི་བཙུགས་གནང་ཡོདཔ་ཨིན་པས།
ཚོགས་ཆུང་དེ་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ སྙན་ཞུ་ཕུལ་མིའི་ གྲོས་དོན་ཚུ་ལུ་ ཚོགས་ཁང་ནང་ལས་ ངོས་ལེན་གྲུབ་ཡོད་རུང་ འཐུས་མིའི་བྱ་སྒོ་རིམ་པའི་ དོན་ཚན་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ལས་ ནང་སྲིད་ལྷན་ཁག་གིས་ གོང་འཕེལ་བཏང་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ འདེམས་ཁོངས་བལྟ་སྐོར་གྱི་ བྱ་སྒོའི་རིམ་པ་ ༢༠༢༤ ཅན་མའི་ནང་ བཙུགས་ཚུགས་པའི་ དོན་ཚན་ཅིག་འབདཝ་ལས་ ད་རེས་ཀྱི་ དཔྱད་ཡིག་ནང་ལས་ ཕྱིར་བཏོན་མཛད་ནུག།
དཔྱད་ཡིག་དེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ ཆ་སྦྱོར་གྱི་དོན་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།






Users Today : 532
Users Yesterday : 1548
This Month : 28896
This Year : 208799
Total Users : 920615
Views Today : 589
Total views : 2698174
Who's Online : 27