མི་དབང་མཆོག་གིས་ མཁོ་ཐང་ཁ་དང་ རྒྱ་མཚོ་གླིང་གི་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ཆིབས་བསྐྱོད།

པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཁོ་ཐང་ཁ་དང་ རྒྱ་མཚོ་གླིང་ལུ་ ཆིབས་བསྐྱོད་གནང་སྟེ་ ད་རེས་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ སྤྱི་ལོ་ ༢༠༢༥ ལོའི་ རྒྱལ་སྲུང་སྡེ་ཚན་དང་ མཇལ་ཕྲད་མཛད་གནང་ནུག།
སྤྱི་ལོ་ ༢༠༢༥ ལོའི་ རྒྱལ་སྲུང་སྦྱོང་བརྡར་སྡེ་ཚན་ནང་ སྦྱོང་བརྡར་བ་བསྡོམས་ ༢,༦༥༨ ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ མཁོ་ཐང་ཁ་དང་ རྒྱ་མཚོ་གླིང་ པདྨ་ཐང་ རྒྱལ་པོའི་ཞིང་བཅས་ཀྱི་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ སྦྱོང་བརྡར་འབད་དོ་ཡོད་མི་དེ་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ མཇུག་བསྡུ་ནི་ཨིན་པས།
རྒྱལ་སྲུང་སྦྱོང་བརྡར་དེ་ནང་ གཞི་རྟེན་དམག་སྦྱོང་དང་ ལུས་རྩལ་ ཐོགས་རྭ་བརྒལ་ནི་ གོ་མཚོན་ལག་ལེན་ རྒྱལ་ཡོངས་ཤེས་ཡོན་ཚུ་ཡོདཔ་ད་ གཞི་རྟེན་དམག་སྦྱོང་དེ་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ ཤེས་ཡོན་གྱི་ ཆ་ཤས་ཚུ་ མཁས་མཆོག་གཞན་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་སྦེ་བཀོད་ནུག།
རྒྱལ་སྲུང་སྦྱོང་བརྡར་ལས་རིམ་དེ་ སྒྲིགས་ཁྲིམས་དང་ འགོ་ཁྲིད་ དེ་ལས་ དྲང་བདེན་དང་ མཆོག་འགྱུར་བཟུམ་མའི་ བརྩི་མཐོང་གཙོ་བོ་ཚུ་ནང་ གོམས་འདྲིས་ཀྱི་དོན་ལས་ བཟོ་སྒྲིག་འབད་དེ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༤ ལོར་ སྡེ་ཚན་ཁག་ ༢ འབད་མི་ རྒྱལ་སྲུང་སྦྱོང་བརྡར་ནང ན་གཞོན་ ༣,༦༩༡ གིས་ མཐར་འཁྱོལ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་ཟེར་མི་འདི་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སྤྱི་ལོ་ ༢༠༡༩ ལོའི་ རྒྱལ་ཡོངས་དུས་ཆེན་སྐབས་ལུ་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ འབྲུག་མི་ཚུ་གིས་ རང་སོ་དང་ རྒྱལ་ཁམས་ཀྱི་ མ་འོངས་པ་ ལེགས་སྒྱུར་འབད་ནིའི་ ལམ་སྟོན་གྱི་དོན་ལུ་ཨིན་པའི་གནས་ཚུལ།

Please follow and like us: