
རོའི་ཊརཛ།
མཐའ་ཡས་ལེན་གྱི་བློན་ཆེན་ ཨམ་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ བློན་ཆེན་གྱི་ གོ་གནས་ལས་ ཕྱིར་དབྱུང་འབད་དགོ་པའི་ ཨེབ་ཤུགས་བསྣར་འགྱངས་ཐོག་ལུ་ཡོད་པའི་བར་ན་ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ མཐའ་ཡས་རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ བློན་ཆེན་དེ་གི་ ཕྱག་འགན་ཚུ་ མཚམས་འཇོག་འབད་ནུག།
དེ་ཡང་ སྤྱི་ཚོགས་ཀྱི་ འཐུས་མི་ ༣༦ གིས་ བློན་ཆེན་དེ་ལུ་ གཡོ་སྒྱུ་དང་ བཟང་སྤྱོད་ཀྱི་ཁྱད་ཚད་ལས་ འགལ་ཤོར་དང་ ཀམ་བོ་ཌི་ཡའི་དབུ་ཁྲིད་ ཧུན་སེན་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་གི་ གསུང་གྲོས་དེ་ དྲན་ཚོར་ཅན་ཅིག་ཨིན་རུང་ མི་མང་ལུ་ གསང་བརྟོལ་འབད་མི་དེ་ རྩ་ཁྲིམས་ཆེན་མོ་ལས་ཡང་ འགལ་ཤོར་བྱུང་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ཚུ་ལུ་ ངོས་ལེན་འབད་དེ་ ཉེས་འཛུགས་ཀྱི་ ཞུ་ཡིག་སྐོར་ལས་ བསམ་ཞིབ་འབད་དགོ་པའི་ མགྲིན་གབྱངས་གཅིག་གི་ མོས་མཐུན་ཡང་ བྱུང་ཡོདཔ་སྦེ་བཤད་ནུག།
ཁྲིམས་འདུན་ལས་ མཚམས་འཇོག་གི་ བཀའ་རྒྱ་གནང་མི་ལུ་ བློན་ཆེན་གྱི་ ཁ་ཐུག་ལས་ དགག་ལན་ཕུལ་ནིའི་དོན་ལུ་ ཉིན་གྲངས་ ༡༥ གི་ དུས་ཚོད་གནང་སྟེ་ཡོདཔ་ད་ མོ་ར་ ལམ་སྲོལ་བློན་པོ་སྦེ་ ལྷན་རྒྱས་གཞུང་ཚོགས་ནང་ར་ སྡོད་ཆོག་ནི་དང་ དུས་ཡུན་དེ་གི་རིང་ལུ་ བློན་ཆེན་འོགམ་ སུ་རི་ཡ་ ཇུ་ཨང་རུང་ནུ་ཨང་ཀིད་ཀྱིས་ བློན་ཆེན་གྱི་ ཕྱག་འགན་ཚུ་ གནང་ནི་ཨིན་པས།
བལྟ་བཤལ་བློན་པོ་དང་ ཕིའུ་མཐའ་ཡས་སྲིད་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ སོ་ར་ཝོང་ཐིན་ཐོང་གིས་ སུ་རི་ཡ་གིས་ གནས་སྐབས་ཀྱི་ བློན་ཆེན་སྦེ་ ཕྱག་ལཱ་གནང་ནི་ཨིནམ་ལས་ གཞུང་གི་ཕྱག་ལཱ་ཚུ་ལུ་ ཐོགས་ཆག་དང་ དཀའ་ངལ་ཚུ་ མི་འབྱུང་ནི་ཨིནམ་སྦེ་ གསལ་བཤད་འབད་ནུག།
བློན་ཆེན་པེ་ཏོང་ཏ་རཱན་གྱིས་ ཀམ་བོ་ཌི་ཡའི་ དབུ་ཁྲིད་དང་གཅིག་ཁར་ གསུང་གྲོས་གསང་བརྟོལ་ལུ་བརྟེན་ཏེ་ ངོ་རྒོལ་སྡེ་ཚན་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་ཚུ་འབདཝ་ལས་ སྲིད་དོན་ཚོགས་པ་ ༡ མོ་གི་མཉམ་བསྡོམས་སྲིད་ཚོགས་ནང་ལས་ ཕྱིར་ཐོན་འབད་ཡོདཔ་ད་ མོ་གི་རྒྱབ་འགལ་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་ཡང་ བསྐྱུར་ནི་སྦེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 884
Users Yesterday : 1778
This Month : 34684
This Year : 214587
Total Users : 926403
Views Today : 1272
Total views : 2706765
Who's Online : 14