
མགོན་པོ་རྡོ་རྗེ།
རང་ཟླ་ ༥ པའི་ཚེས་ ༡༠ སྤྱི་ཟླ་ ༧ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༣ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
མཛད་སྒོའི་རྟེན་འབྲེལ་དེ་ནང་ བློན་པོ་བགྲེསཔ་ཚུ་དང་ དཔོན་ཁག་བགྲེསཔ་ཚུ་གིས་གཙོས་པའི་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ རྒྱལ་སྤྱིའི་སྐུ་ཚབ་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཆོས་སྲིད་ཀྱི་ འཕྲིན་ལས་རབ་ཏུ་རྒྱས་པའི་ ཐུགས་འགན་མང་རབས་ཅིག་ཡོད་རུང་ སྤྱི་ཚོགས་ཀྱི་ མཛད་རིམ་ནང་ དུས་ཚོད་ལོགས་སུ་སྦེ་ སྟོན་གནང་སྟེ་ བྱོན་གནང་མི་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཡོངས་དང་ ཚོགས་དཔོན་གྱི་ཧོངས་ལས་ བྱོན་པ་ལེགས་སོ་དང་ བཀྲིན་དགའ་ཚོར་ཞུ་ཡི།
མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ སྤྱི་ཚོགས་ཀྱི་ འགོ་འབྱེད་རྟེན་འབྲེལ་དང་ གྲོལ་སྟོན་མཛད་སྒོའི་ནང་ ཆེད་དུ་མངགས་ཞིནམ་ལས་ བརྩེ་བས་གཟིགས་ཏེ་ བྱོན་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བྱོན་པ་ལེགས་སོ་དང་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
མི་དབང་མཆོག་གི་ཞབས་ལས་ མ་འོངས་རྒྱལ་ཁབ་ཀྱི་དོན་ལུ་ ཐུགས་བཞེད་རྒྱ་ཆེ་ས་ལས་གནང་སྟེ་ འབྲུག་པའི་ན་གཞོན་ཚུ་ ལྕོགས་གྲུབ་ཅན་དང་ ཤེས་ཡོན་ཅན་སྦེ་ བཟོ་གནང་ཐོག་ལས་ ན་གཞོན་ཚུ་གི་ མི་ཚེ་དོན་དང་ལྡནམ་དང་ རང་མགོ་རང་འདྲོངས་ བཟོ་ནི་གི་ ཐབས་བྱུས་སྣ་ཚོགས་ཀྱི་སྒོ་ལས་ ཐུགས་བརྩེ་བས་ བཀྲིན་བསྐྱང་གནང་དང་གནང་བཞིན་དུ་ཡོད་ཟེར་ཞུ་ཡི།
དེ་གི་ནང་ལས་ཡང་ རྒྱལ་སྲུང་གི་ ལས་རིམ་ལུ་བརྟེན་ཏེ་ མ་འོངས་འབྲུག་གི་ མི་སེར་ཚུ་གིས་ རྒྱལ་ཁབ་ལུ་ ཤ་ཞེན་བསྐྱེད་དེ་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ རྩ་བ་གསུམ་ལུ་ ཕྱག་ཞུ་ཚུགས་པའི་ ཀུན་ཚང་རིག་རྩལ་ ལེགས་ཤོམ་སྦེ་ བཟོ་གནང་སྟེ་ཡོད་ཟེར་ཨིན་པས།
རྒྱལ་སྲུང་གི་ ལས་རིམ་ཚུ་ཡང་ རྒྱ་གར་གཞུང་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་དང་ རྒྱ་གར་གྱི་ དམག་སྡེའི་ཁ་ཐུག་ལས་ མི་དབང་མཆོག་གི་ ཐུགས་འདུན་ལྟར་དུ་ རྒྱབ་སྐྱོར་ཚུ་ ཕུལ་གནང་པའི་གུ་ དྲག་ཁག་གསུམ་གྱི་ དམག་སྡེའི་ཁ་ཐུག་ལས་ཡང་ སྦྱོང་བརྡར་འདི་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་མི་ཚུ་ལུ་ཡང་ དམིགས་བསལ་གྱི་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
ད་རེས་ཀྱི་ སྦྱོང་བརྡར་འདི་ནང་ ན་གཞོན་ཕོ་མོ་ ༢,༦༣༩ གིས་ བཅའ་མར་གཏོགས་པའི་ཁར་ ཕྱིའི་རྒྱལ་ཁབ་ལས་ ལོག་འོང་མི་ ན་གཞོན་ ༥༦ གུ་ སྤྱི་ལོ་ ༢༠༢༤ གི་ སྡེ་ཚན་ ༢ བསྡོམས་ཏེ་ རྒྱལ་སྲུངཔ་ཡོངས་བསྡོམས་ ༦,༣༣༠ གིས་ སྦྱོང་བརྡར་ཚུ་ ལེགས་ཤོམ་སྦེ་ མཐར་འཁྱོལ་ཡི་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གིས་ སྤྱི་ལོ་ ༢༠༡༡ ལུ་ ཞི་བའི་དམག་སྡེ་ བདེ་སྲུངཔ་གི་ སྦྱོང་བརྡར་འགོ་བཙུགས་གནང་ཞིནམ་ལས་ ད་ཚུན་གྱི་བར་ན་ མི་ངོམ་ ༥༡,༣༥༧ གྱིས་ སྦྱོང་བརྡར་འབད་བའི་ནང་ལས་ མི་ངོམ་ ༨༤༦༨ ཀྱིས་ དམིགས་བསལ་དུ་ བདེ་སྲུངཔ་རིག་རྩལ་གྱི་ སྦྱོང་བརྡར་ཚུ་ཡང་ ལེགས་ཤོམ་སྦེ་འབད་ཡི་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ང་བཅས་རའི་ རྒྱལ་ཁབ་ནང་ ཆོས་དང་ ལམ་སྲོལ་ཚུ་ཡང་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ རྫོང་གཞི་དང་ ལྷ་ཁང་ དགོན་སྡེ་ཚུ་ ཉམས་གསོ་ཞུ་གནང་པའི་གུ་ ལྷག་པར་དུ་ གྲྭ་ཚང་དང་ རབ་སྡེ་ཁག་གི་ གསོལ་ཕོགས་ཀྱི་འཐུས་ ལོག་བལྟབ་སྦེ་ ཡར་སེང་མཛད་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ མི་དབང་མཆོག་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་ལས་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ བླ་སྤྲུལ་དང་ མཁན་སློབ་ཚུ་གིས་ སྤྱིར་འཛམ་གླིང་ཡོངས་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་དང་ འབྲུག་པའི་མི་སེར་ཚུ་གི་ མཐའ་དོན་ལུ་ རྫོང་གཞི་དང་ དགོན་སྡེ་ཁག་ལས་ཕར་ བསྟན་སྤྱིའི་སྐུ་རིམ་དང་ ཞབས་བརྟན་ འཕྲིན་བཅོལ་དང་ གསོལ་མཆོད་དེ་ཚུ་ རྒྱུན་ཆད་མེད་པར་ མཛད་གནང་པའི་གུ་ དབང་ལུང་ཁྲིད་ ༣ དང་ ཆོས་བཤད་ལས་རིམ་ཚུ་ཡང་ གང་ལ་གང་འདོད་སྦེ་ གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
འབྲུག་གི་བློན་ཆེན་གྱིས་ གཞུང་གི་ཁྲིམས་བཟོ་དང་ ལོ་བསྟར་འཆར་གཞིའི་གུ་ གཞུང་གི་གཙོ་རིམ་དང་བཅས་པའི་ རྒྱལ་ཁབ་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་ཕུལ་མི་དེ་ནང་ རྒྱལ་ཁབ་ཀྱི་ གནས་སྟངས་ཚུ་ ཁ་གསལ་སྦེ་ ཞུ་ཡོདཔ་མ་ཚད་ རྒྱལ༌ཁབ༌ཀྱི༌ དཀའ༌ངལ་ཚུ་ཡང་ ལེགས་ཤོམ་སྦེ་ ངོས་འཛིན་འབད་དེ་འདུག་ཟེར་ཨིན་པས།
དེ་ལས་ དཀའ་ངལ་སེལ༌ཐབས༌ཚུ་ཡང་ ཐབས་ཤེས་སྣ་ཚོགས་སྦེ་ སྒྲིག་སྟེ་ཡོད་མི་འདི་གིས་ འབྲུག་མི་ག་ར་ ཐུགས་ངལ་རངས་བྱུང་བྱུངམ་འོང་མནོ་བའི་ རེ་བ་ཡོད་ལུགས་དང་ གཞུང༌གིས༌ དུས་ཅི་ ལོ་ ༡ གི་ གཙོ་རིམ་དང་ འཆར་གཞི་ཚུ་ཡང་ ལེགས་ཤོམ་སྦེ་ བརྩམས་གནང་སྟེ་ཡོདཔ་མ་ཚད་ འཆར་དངུལ་གྱི་ཐེད་ཁར་ཡང་ རྩིས་ལོ་ ༢༠༢༤-༢༠༢༥ དང་ རྩིས་ལོ་ ༢༠༢༥-༢༠༢༦ གི་ནང་ འཆར་དངུལ་བརྒྱ་ཆ་ ༢༨ ལྷགཔ་ཅིག་ ཡར་སེང་འབད་དེ་ཡོདཔ་ལས་ གཞུང་དང་ བློན་ཆེན་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡི།
ད་རེས་ ཚོགས་ཐེངས་ ༣ པའི་ནང་ རྩིས་ལོ་ ༢༠༢༤-༢༠༢༥ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་ནང་ འགོ་ཐོག་གནང་བ་གྲུབ་མི་ འཆར་དངུལ་དངུལ་ཀྲམ་ས་ཡ་ ༩༧,༦༢༨.༨༣༩ གུ་ ལྷན་ཐབས་འཆར་དངུལ་ དངུལ་ཀྲམ་ས་ཡ་ ༡,༥༨༨.༠༢༣ འབདཝ་ད་ དངུལ་ཀྲམ་བསྡོམས་ས་ཡ་ ༩༩,༢༡༦.༨༦༢ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩིས་ལོ་ ༢༠༢༥-༢༠༢༦ གི་ ལོ་ལྟར་འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་ནང་ རྒྱུན་སྐྱོང་འཆར་དངུལ་ དངུལ་ཀྲམ་ས་ཡ་ ༥༨,༤༣༡.༧༡༧ དང་ གསར་སྒྲུབ་འཆར་དངུལ་ དངུལ་ཀྲམ་ས་ཡ་ ༨༠,༡༡༣.༤༤༦ འབདཝ་ད་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་ ༡༣༨,༥༤༥.༡༦༣ ཆ་འཇོག་གྲུབ་ཡོདཔ་སྦེ་ཞུ་ཡི།
དེ་ལས་ ཏི་རུའི་དཔྱད་ཡིག་ཐེད་ཁར་ འབྲུག་གི་ཅ་ཆས་དང་ ཞབས་ཏོག་ཁྲལ་གྱི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༥ ཅན་མ་དང་ འབྲུག་གི་ནང་ཁྲལ་དཔྱད་ཡིག་ ༢༠༢༥ ཅན་མ་ འབྲུག་གི་འོང་འབབ་ཁྲལ་གྱི་ དཔྱད་ཡིག་ ༢༠༢༥ ཅན་མ་ཚུ་ཡང་ ཆ་འཇོག་གྲུབ་ཡོདཔ་སྦེ་ཨིན་པས།
དཔྱད་ཡིག་གཞན་ཀྱི་ཐེད་ཁར་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་འཕྲི་སྣོན་དཔྱད་ཡིག་ ༢༠༢༤ ཅན་མ་དེ་ རྒྱལ་ཡོངས་ཚོགས་འདུའི་ཁ་ཐུག་ལས་ གསུང་གྲོས་ཞིབ་ཞིབ་སྦེ་གནང་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ བསྐྱར་གྲོས་ཀྱི་དོན་ལས་ ཕུལ་ཏེ་ཡོདཔ་ད་ དེ་བཟུམ་སྦེ་ འབྲུག་གི་སྒོ་ནོར་དཔྱད་ཡིག་ ༢༠༢༥ ཅན་མ་དང་ འབྲུག་གི་མཉམ་ལས་ཚོགས་སྡེ་དང་ སོ་ནམ་སྡེ་ཚན་གྱི་ དཔྱད་ཡིག་ ༢༠༢༥ ཅན་མ་གཉིས་གུ་ ལྷག་ཐེངས་དང་པ་དང་ ལྷག་ཐེངས་གཉིས་པའི་ གསུང་གྲོས་གནང་ཞིནམ་ལས་ བསྐྱར་ཞིབ་ཀྱི་དོན་ལུ་ འབྲེལ་ཡོད་ཚོགས་ཆུང་ཚུ་ལུ་ གནང་སྟེ་ཡོདཔ་ལས་ ལྷག་ཐེངས་ ༣ པའི་ གསུང་གྲོས་དེ་ གནམ་དགུན་གྱི་ ཚོགས་ཐེངས་ནང་ གནང་ནི་སྦེ་ བཞག་སྟེ་ཡོད་ཟེར་ཞུ་ཡི།
དེ་ལས་ སྤྱི་ཚོགས་ལྷན་བཞུགས་ནངའབད་བ་ཅིན་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ འཕྲི་སྣོན་དཔྱད་ཡིག་དང་ འབྲུག་གི་གཉེན་འབྲེལ་ འཕྲི་སྣོན་དཔྱད་ཡིག་ ༢ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།
རྩིས་ཞིབ་དབང་འཛིན་གྱི་ ལོ་ལྟར་རྩིས་ཞིབ་སྙན་ཞུ་ ༢༠༢༣-༢༠༢༤ ཅན་མ་དང་ སྤྱི་ལོ་ ༢༠༡༠-༢༠༢༣ ཚུན་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཚུ་ དམངས་རྩིས་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ ཕུལ་མི་ཚུ་ལུ་ཡང་ གསུང་གྲོས་གནང་ཡོདཔ་མ་ཚད་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ བློན་ཆེན་གྱིས་ གཞུང་གི་ཁྲིམས་བཟོ་དང་ ལོ་ལྟར་འཆར་གཞིའི་གུ་ གཞུང་གི་གཙོ་རིམ་དང་བཅས་པའི་ ལོ་ལྟར་སྙན་ཞུ་ཡང་ སྤྱི་ཚོགས་ལུ་ ཕུལ་ཡོདཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།




Users Today : 2890
Users Yesterday : 5502
This Month : 48632
This Year : 285702
Total Users : 643679
Views Today : 10453
Total views : 1986994
Who's Online : 26