
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་དུང་དཀར་རྫོང་ནང་ འབྲུག་རྒྱལ་པོའི་ཤེས་རིག་སྤེལ་ཁང་ནང་ལུ་ འབྲུག་གི་ཤེས་ཡོན་ཐབས་ལམ་ལས་རིམ་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
འབྲུག་གི་ཤེས་ཡོན་ཐབས་ལམ་ལས་རིམ་དེ་ སློབ་སྦྱོང་འབད་མི་ཚུ་གིས་ རང་སོའི་ལྕོགས་གྲུབ་ཚུ་ ས་གནས་དང་ རྒྱལ་སྤྱིའི་གོ་སྐབས་ཚུ་དང་འབྲེལ་ཏེ་ དངོས་ཡོད་བཟོ་ནི་ལུ་ཕན་པའི་ ཤེས་རིག་གི་ཐབས་ལམ་ཅིག་ཨིནམ་ད་ ལས་རིམ་དེ་གིས་ ཤེས་ཡོན་ཀུན་ཚང་བཟོ་ནི་དང་ སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་བརྩོན་གྱི་ ཆོས་ཚན་ཚུ་ དབྱེ་བ་ཕྱེ་ནི་ལུ་ བརྩོན་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ གོང་འཕེལ་ཁག་ ༥ ཡང་ ཀླདཔ་དང་ སེམས་ཁམས་ ཆོས་དོན་ མི་སྡེ་དང་ སྒྱུ་རྩལ་ཚུ་ ཚུད་དོ་ཡོདཔ་ད་ ལས་རིམ་དེ་ཚུ་ ཨ་ལོའི་སྤྱིར་བཏང་གོང་འཕེལ་གྱི་ ཆ་ཤས་གཙོ་བོ་སྦེ་ ངོས་ལེན་འབད་དེ་ འབྲུག་གི་ཤེས་རིག་ཐབས་ལམ་ལས་རིམ་ལུ་ འཕྲོ་མཐུད་ཅན་གྱི་ སྒྱུར་བཅོས་ཚུ་འབད་ནི་གི་ གཞི་རྟེན་སྦེ་ ལག་ལེན་འཐབ་དོ་ཡོདཔ་སྦེ་བཀོད་ནུག།.
འབྲུག་གི་ཤེས་རིག་ ཐབས་ལམ་ལས་རིམ་དེ་ལུ་བརྟེན་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སྡེ་དང་ མ་འོངས་པའི་ ལེགས་སྒྱུར་ནང་ གནད་འགག་ཆེ་བའི་ འགན་ཁུར་དེ་ ཤེས་རིག་ལུ་ ཕོག་དོ་ཡོདཔ་སྦེ་ ངོས་འཛིན་གནང་མི་གིས་ ལམ་སྟོན་ཐོག་ ལམ་སྲོལ་དང་ ཐོན་རིམ་ཅན་གྱི་ བཅོས་མའི་རིག་པ་ དེ་ལས་ འཕྲུལ་རིག་གོང་འཕེལ་གཞན་ཚུ་གི་ གོ་སྐབས་ཚུ་ སྤྱོད་ནི་ལུ་ ཤེས་ཡོན་སྦྱང་མི་ རང་སོའི་དང་འདོད་གཅེས་སྐྱོང་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
དེ་མ་ཚད་ ཤེས་རིག་ཐབས་ལམ་ལས་རིམ་དེ་ལུ་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་གནང་མི་ མངའ་བདག་རྒྱལ་པོའི་བཀའ་ཤོག་དེ་ཡང་ སེམས་ཤུགས་ཀྱི་ འབྱུང་གནས་ལུ་ གྱུར་ཏེ་ཡོདཔ་སྦེ་བཀོད་ནུག།
འབྲུག་གི་ཤེས་རིག་ཐབས་ ལམ་ལས་རིམ་གྱི་ ཤེས་ཡོན་བྱ་སྒོ་དེ་ སྤྱི་ལོ་ ༢༠༡༦ ལས་ཚུར་ ལག་ལེན་འགོ་བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༡ ལས་ སློབ་གྲྭ་གཞན་ ༢༣ ལུ་ ལག་ལེན་བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཐབས་ལམ་ལས་རིམ་དེ་ ཡུ་ཀེ་ཨོགཛ་ཕཱོཌ་གཙུག་ལག་སློབ་སྡེ་དང་ ཕིན་ལེན་ཧཱན་ཌེཌ་ དེ་ལས་ དཔལ་འབྱོར་མཉམ་འབྲེལ་དང་ གོང་འཕེལ་ལས་ཚོགས་ཀྱི་ སློབ་གྲྭ་ཚུ་དང་ ཡོངས་འབྲེལ་ཚུ་གིས་ཡང་ ངོས་ལེན་འབད་དེ་ཡོདཔ་ད་ དེ་ཡང་ རྒྱལ་སྤྱིའི་ཤེས་རིག་མཁས་མཆོག་ཚུ་དང་ ཚན་རིག་མཁས་མཆོག་ བསམ་ཞིབ་མཁས་མཆོག་ཚུ་གིས་ བརྩོན་ཤུགས་ཐོག་ལས་ བསྐྱར་ཞིབ་དང་ བསྐྱར་བཟོ་ཚུ་ཡང་ འབད་དོ་ཡོདཔ་སྦེ་བཀོད་ནུག།
འབྲུག་རྒྱལ་པོའི་ཤེས་རིག་སྤེལ་ཁང་ལུ་ ངོས་ལེན་ཐོག་ལས་ རྒྱལ་སྤྱིའི་སློབ་གྲྭ་དང་ ཤེས་རིག་ལས་ཚོགས་ཚུ་གིས་ཡང་ འབྲུག་གི་ཤེས་རིག་ ཐབས་ལམ་ལས་རིམ་དེ་ ལག་ལེན་འཐབ་ནི་གི་ དང་འདོད་ཡོདཔ་ཨིན་པས།
འབྲུག་རྒྱལ་པོའི་ ཤེས་རིག་སྤེལ་ཁང་གི་མདོ་ཆེན་ དྲག་ཤོས་ཨ་རུན་ཀ་པུར་གྱིས་ ད་རེས་ཀྱི་ འབྲུག་གི་ཤེས་ཡོན་ ཐབས་ལམ་ལས་རིམ་ འགོ་བཙུགས་མི་དེ་ འབྲུག་གི་ཤེས་རིག་ལས་རིམ་ ཡར་འཕེལ་ནང་ གལ་ཆེ་བའི་ ཐོན་རིམ་ཅིག་ཨིནམ་སྦེ་བཤད་ནུག།
འབྲུག་གི་ཤེས་རིག་ལས་རིམ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སེམས་སྐུལ་དང་ གཟིགས་སྣང་ཚུ་གི་ ལམ་སྟོན་གནང་མི་ལུ་ ཧིང་དྭངས་མའི་དཀྱིལ་ལས་ར་ བཀྲིན་དགའ་ཚོར་ཡོད་ལུགས་དང་ བྱ་སྒོ་དེ་ལུ་ ཕན་ཐོགས་བྱུང་མི་ སློབ་ཕྲུག་དང་ སློབ་ཚོགས་ དེ་ལས་ ཕྱི་ནང་ ༢ ཀྱི་ མཉམ་རོགས་ཚུ་ལུ་ཡང་ བཀྲིན་ཆེ་ཟེར་ཨིན་པས།
རྟེན་འབྲེལ་དེ་དང་གཅིག་ཁར་ འབྲུག་རྒྱལ་པོའི་ཤེས་རིག་སྤེལ་ཁང་གིས་ དབང་ཆ་ཅན་གྱི་ འབྲུག་གི་ཤེས་རིག་ ཐབས་ལམ་ལས་རིམགྱི་ སྤྱི་ལོ་ ༢༠༢༥-༢༠༢༦ གི་དོན་ལུ་ མདུན་བསྐྱོད་ཅན་གྱི་ གནས་སོར་རྩ་གཞུང་ཅིག་ཡང་ ཡུ་ཨེཛ་མཐོ་རིམ་སློབ་གྲྭའི་ བཀོད་ཚོགས་དང་ མཉམ་འབྲེལ་ཐོག་ལས་ གོང་འཕེལ་བཏང་སྟེ་ འགོ་བཙུགས་ནང་ནུག།
རྩ་གཞུང་དེ་ནང་ རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ སློབ་གྲྭ་ཆེ་བ་མཇུག་བསྡུའི་ ཆོས་རྒྱུགས་ཀྱི་ཤུལ་ལས་ སློབ་གྲྭ་གཞན་ཁར་ འགྱོ་བའི་སྐབས་ལུ་ གཙུག་ལག་སློབ་སྡེའི་དོན་ལས་ སྐུགས་ཚད་དང་ ཤེས་ཡོན་སྦྱང་བརྩོན་དང་འབྲེལ་བའི་ བརྡ་དོན་བཀོད་ཐངས་ཚུ་ ཚུད་དོ་ཡོདཔ་ད་ འབྲུག་རྒྱལ་པོའི་ཤེས་རིག་སྤེལ་ཁང་གིས་ སྤྱི་ལོ་ ༢༠༡༨ ལས་ཚུར་ མཐོ་རིམ་ཤེས་ཡོན་བཀོད་ཚོགས་དང་གཅིག་ཁར་ ལཱ་ཚུ་འབད་དེ་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་པོའི་ཤེས་རིག་སྤེལ་ཁང་ནང་ ལྷོ་ཨེ་ཤི་ཡ་ ཚན་རིག་ཤེས་ཡོན་ལས་རིམ་ནང་ གྲལ་གཏོགས་འབད་མི་ཚུ་དང་ མཇལ་ཕྲད་མཛད་ཡོདཔ་ད་ ལས་རིམ་དེ་ནང་ འབྲུག་དང་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་གཞན་ཚུ་གི་ ཚན་རིག་སློབ་དཔོན་ ༧༨ ལྷགཔ་ཅིག་ཡོདཔ་ད་ ལས་རིམ་དེ་ཡང་ ཡུ་རོབ་ཀྱི་ རྡུལ་ཕྲན་ནུས་ཤུགས་ ཞིབ་འཚོལ་ལས་ཚོགས་དང་ ཨོགཛ་ཕཱོཌ་གཙུག་ལག་སློབ་སྡེ་གིས་གཙོས་པའི་ འཛམ་གླིང་མཐའ་དབུས་ནང་ལས་ ཚན་རིག་དང་ ཤེས་རིག་མཁས་མཆོག་གིས་ ལག་ལེན་འཐབ་ཡོད་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1388725
Views Today :
Total views : 5000
Who's Online :