
རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ གསར་བཏོན་འབད་མི་ ཚན་རིག་ཐོག་གི་ བརྟག་ཞིབ་སྙན་ཞུ་ཅིག་དང་འཁྲིལ་བ་ཅིན་ ཡུ་རོབ་ཀྱི་ཁྲོམ་ཚོགས་ ༡༢ དེ་ཅིག་གི་ནང་ དྲོད་ཤུགས་ལུ་བརྟེན་ཏེ་ མི་གྲངས་ ༢,༣༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ ཨིམ་པེ་རི་ཡཱལ་ མཐོ་རིམ་སློབ་གྲྭ་དང་ ལཱོན་ཌཱོན་འཕྲོད་བསྟེན་དང་ སྨན་བཅོས་སློབ་གྲྭའི་ ཚན་རིག་པ་ཚུ་གི་ བརྟག་ཞིབ་སྙན་ཞུ་ནང་ གནམ་གཤིས་འགྱུར་བ་གིས་ ཚ་དྲོད་ཡར་སེང་ལུ་ ཤན་ཞུགས་འབད་དེ་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ལས་ མི་གྲངས་ ༡,༥༠༠ ལུ་ ཤི་རྐྱེན་བྱུང་མི་དེ་ གནམ་གཤིས་འགྱུར་བ་དང་ འབྲེལ་བ་ཡོདཔ་སྦེ་བཀོད་ནུག།
ཨིམ་པེ་རི་ཡཱལ་ མཐོ་རིམ་སློབ་གྲྭའི་ ཞིབ་འཚོལ་པ་ ཌོག་ཊར་བེན་ཀ་ལཱག་གིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ དྲོད་ཤུགས་དེ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ ཡར་སེང་སོང་ཡོདཔ་ལས་ གནས་སྟངས་་དེ་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཏེ་འདུག་ཟེར་ཨིན་པས།
ཚན་རིག་པ་ཚུ་གིས་ ཁྲོམ་ཚོགས་བར་སེ་ལོ་ན་དང་ མ་ཌིཌ་ ལོན་ཌོན་ མི་ལཱན་ཚུ་གིས་གཙོས་པའི་ ཁྲོམ་ཚོགས་ ༡༢ ལུ་ ཞིབ་འཇུག་འབད་ཡོདཔ་ད་ དེ་ཡང་ ཁྲོམ་ཚོགས་དེ་ཚུའི་ནང་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ དྲོད་ཚད་སེལ་ཤི་ཡཱཛ་ ༤ དེ་རེ་ ཡར་སེང་སོང་ཡོདཔ་སྦེ་བཀོད་ནུག།
དུས་ཅི་ སྤྱི་ཟླ་ ༦ པ་ནང་གི་ དྲོད་ཚད་དེ་ སྤྱི་ལོ་ ༢༠༢༣ དང་ ༢༠༢༤ ལོ་གི་ སྤྱི་ཟླ་ ༦ པ་དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིནམ་སྦེ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཀོ་པར་ནི་ཀཱཛ་ གནམ་གཤིས་འགྱུར་བའི་ ཞབས་ཏོག་གིས་ བཤད་ཡོདཔ་ཨིན་པས།
ཡུ་རོབ་ནུབ་ཕྱོགས་ཀྱི་ ས་ཁོངས་ཚུ་ནང་ སྤྱི་ཟླ་ ༦ པ་དེ་ དྲོད་ཚད་མཐོ་ཤོས་ཀྱི་ཟླཝ་སྦེ་ གནས་ཡོདཔ་ད་ དེ་བཟུམ་མའི་ དྲོད་ཤུགས་ལུ་བརྟེན་ཏེ་ སྡུག་སྦྱོང་ཚུ་ ཚབས་ཆེན་སྦེ་ར་ ཕོག་ནུག་ཟེར་ བཀོཅད་འདུག་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1389862
Views Today :
Total views : 5000
Who's Online :