
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ འཛམ་གླིང་མི་རློབས་ཀྱི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ ལེགས་སྨོན་སྐུ་ཚབ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ འཛམ་གླིང་མི་རློབས་སྙན་ཞུ་ ༢༠༢༥ ཅན་མ་ མངལ་སྦྲུམ་ཆགས་ནིའི་ དཀའ་ངལ་ངོ་མ་ འགྱུར་ལྡོག་ཅན་གྱི་ འཛམ་གླིང་ནང་ མངལ་སྦྲུམ་ཆགས་དོན་ལས་སྡེའི་ མུ་མཐུད་ཟེར་མི་ གཞུང་འབྲེལ་ཐོག་ལུ་ གསར་བཏོད་མཛད་གནང་ནུག།
དུས་སྟོན་དེ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཨམ་སྐལ་བཟང་བདེ་སྐྱིད་ཀྱིས་ འབྲུག་གི་མི་རློབས་ཀྱི་ མདུན་ལམ་སྐོར་ལས་ གསལ་བཤད་དང་འབྲེལ་ཏེ་ དུས་སྟོན་དེ་ཁར་ འཛོམས་མི་ཚུ་ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ མི་རློབས་འཕེལ་ཐངས་ཀྱི་ ཚད་གཞི་དང་ དེང་སང་ འགྱུར་ལྡོག་ཅན་གྱི་ འཛམ་གླིང་ནང་ ན་གཞོན་ཚུ་གིས་ གཉེན་སྦྱོར་འབད་ནི་དང་ ཕམ་འབད་ནི་གི་ དུས་ཚོད་ཕར་ཕུད་རྐྱབ་མིའི་ གྲངས་ཚད་དེ་ ཚད་ལས་བརྒལ་བའི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཡང་ འབྲུག་མི་ན་གཞོན་ཚུ་གིས་ ཤེས་ཡོན་སྦྱང་ནི་དང་ ཚེ་གཡོག་གི་ རེ་འདོད་བསྒྲུབ་ནི་ བཟའ་ཚང་འགོ་བཙུགས་ནི་ཚུ་ ཤོ་སྙོམས་བཟོ་ནི་དེ་ དོ་འགྲན་ཅན་ཅིག་ལུ་ གྱུར་ཏེ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ རྩིས་དཔྱད་གཙོ་འཛིན་འགོ་དཔོན་ བཀྲིས་རྡོ་རྗེ་གིས་ འབྲུག་གི་མི་རློབས་ཀྱི་ གནས་སྟངས་སྐོར་ལས་ ནང་དོན་ཁ་གསལ་དང་ མི་རློབས་དེ་ ག་ཅི་སྦེ་ གལ་ཅན་ཨིན་པའི་སྐོར་ལས་ གསལ་བཤད་ནུག།
དུས་སྟོན་དེ་ནང་ འབྲུག་གི་ན་གཞོན་སྡེ་ཚན་ ཝའི་པི་ཡར་ཟེར་མི་གིས་ “ནང་འཁོད་དྲན་ལྷོང་” ཟེར་མི་ ཁྲབ་སྟོན་ཅིག་ སྤྱན་འབུལ་ཞུ་ཡོདཔ་ད་ དེ་གི་ཤུལ་ལས་ མི་རློབས་ཀྱི་ གནས་སྟངས་དང་ ཕམ་འབད་ནི་ལུ་དོ་འགྲན་ མི་རློབས་འཕོ་འགྱུར་གྱི་གནས་སྟངས་ ཨ་ལོ་གསོ་སྐྱོང་ལུ་དོ་འགྲན་ མི་རློབས་དང་འབྲེལ་བའི་ ལུང་ཕྱོགས་དང་ རྒྱལ་སྤྱིའི་ཉམས་མྱོང་ཚུ་གི་སྐོར་ལས་ གྲོས་བསྡུར་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ ད་རེས་ཀྱི་ གནད་དོན་འདི་ བཟའ་ཚང་ལུ་ བརྩི་བཀུར་མེད་པའི་སྐོར་ལས་མིན་པར་ རང་སོའི་གདམ་ཁ་ལུ་ རྒྱབ་སྐྱོར་ཅན་གྱི་ གནས་སྟངས་ཡོད་མེད་དང་ མི་རློབས་འཕྱེལ་ཐབས་ལུ་ འཚོ་བའི་གནས་གོང་དང་ ཨ་ལོ་སྐྱོང་བཞག་གི་དཀའ་ངལ་ ལཱ་གཡོག་ཉེན་སྲུང་མེདཔ་ ཡང་ཅིན་ ལཱ་གཡོག་དང་ སྐྱོང་བཞག་གི་བར་ན་ གདམ་ཁའི་ཨེབ་ཤུགས་ཚུ་ ངོ་མ་སྦེ་ར་ ཐོན་ཏེ་ཡོདཔའི་ གསལ་བཤད་མཛད་ནུག།
ཨེ་ཤི་ཡ་དང་ པེ་སི་ཕིག་ འཛམ་གླིང་མི་རློབས་མ་དངུལ་གྱི་ ཁྱད་རིག་གྲོས་དཔོན་ ཨ་བྷི་ཇིད་ བི་ས་རའི་གིས་ མངལ་ཆགས་ལས་སྡེ་ འཛམ་གླིང་ནང་ དལ་དབང་དང་ རེ་འདོད་ སྲིད་བྱུས་བཅས་ཀྱི་ འབྲེལ་མཐུན་ཟེར་མིའི་ གསལ་བཤད་འབད་མིའི་ནང་ བཟའ་ཚང་ལུ་ རྒྱབ་སྐྱོར་ཡོད་པའི་ སྲིད་བྱུས་དང་ ལས་རིམ་ཚུ་ བརྩམ་དགོ་པའི་ སེམས་སྐུལ་འབད་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།





Users Today : 3340
Users Yesterday : 3959
This Month : 54104
This Year : 491097
Total Users : 1202913
Views Today : 6232
Total views : 3244738
Who's Online : 25