
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་ཐང་ བཟོ་བསྐྲུན་གྲ་སྒྲིག་གི་ལཱ་ནང་ གྲལ་གཏོགས་ཀྱི་དོན་ལས་ གསར་སྤང་རྫོང་ཁག་དང་ འབྲུག་མཐའ་དབུས་མེད་པའི་ ས་ཁོངས་ཚུ་ལས་ མི་སེར་ལེ་ཤ་ཅིག་ ཁས་བླངས་ཐོག་ལུ་ ལཱ་འབད་བར་འོང་ནུག།.
ཁས་བླངས་པ་ཚུ་གི་གྲས་ཁར་ གསར་སྤང་རྫོང་ཁག་གི་ ལུང་ཕྱོགས་ཡིག་ཚང་དང་ སློབ་གྲྭ་ ལས་ཚོགས་དང་ ཚོང་འབྲེལ་ལས་ཁང་ཚུ་ལས་ མི་གྲངས་ ༡,༦༠༠ ལྷགཔ་ཅིག་གིས་ མི་དབང་མངའ་བདག་རིན་པོ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་སྲས་སྲོས་ དེ་ལས་ རྒྱལ་སྲུངཔ་དང་ བདེ་སྲུངཔ་ ༡,༥༠༠ ལྷགཔ་ཅིག་དང་གཅིག་ཁར་ ལས་འགུལ་གྱི་རྒྱབ་སྐྱོར་ལུ་ ཞབས་ཏོག་གི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ དེ་ལས་ གཞུང་གི་འགོ་དཔོན་ཚུ་གིས་ཡང་ འབྲུག་བཞུགས་སྐུ་ཚབ་ཚུ་དང་ རྒྱལ་སྤྱིའི་ལས་སྡེ་ཁག་གི་ འགོ་འཛིན་ཚུ་གིས་གཙོས་པའི་ སྡེ་ཚན་ཚུ་གིས་ཡང་ བརྩོན་ཤུགས་དེ་ནང་ གྲལ་གཏོགས་འབད་དེ་ཡོདཔ་སྦེ་བཀོད་ནུག།
དགེ་ལེསག་ཕུག་ལུ་ ད་རེས་ གནམ་བྱཱར་གྱི་ དུས་ཚོད་འབདཝ་ལས་ ཚ་དྲོད་མཐོ་དྲགས་སྦེ་ཡོད་རུང་ ཁས་བླངས་ཐོག་ལས་ གྲལ་གཏོགས་འབད་མི་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་འཆར་འགྲུབ་ནི་ལུ་ ཕན་འདེབས་ཀྱི་དོན་ལས་ སྦུང་སྒུལ་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་འབད་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ རྒྱལ་སྤྱི་གནམ་གྲུའི་ཐང་ བཟོ་བསྐྲུན་གྱི་ལཱ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ འགོ་བཙུགས་གནང་ཡོདཔ་ད་ ལས་འགུལ་དེ་ནང་ རྒྱལ་སྲུངཔ་དང་ བདེ་སྲུངཔ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སྡེན་ཚན་དང་ གཞན་འགོ་དཔོན་ཚུ་གིས་གཙོས་པའི་ ཁས་བླངས་པ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་སྲས་སྲོས་ཚུ་གི་ ཕྱག་ཞུ་སྟེ་ འགོ་བཙུགས་ནུག། དུས་དེ་ལས་ཚུར་ འབྱུང་རབས་ཅན་གྱི་ ལས་འགུལ་དེ་ནང་ གྲལ་གཏོགས་འབད་ནིའི་དོན་ལུ་ ཞབས་ཏོག་ཞུ་མི་གཞན་ཡང་ ལེ་ཤ་ཅིག་འོང་སྟེ་ གནམ་གྲུ་ཐང་གི་ ས་ཆ་སེལ་ནིའི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1392744
Views Today :
Total views : 5000
Who's Online :