
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ རྒྱལ་ཡོངས་ཚོགས་ཁང་གི་ ལྷན་འཛོམས་ཁང་བཟང་ནང་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ ཁྲི་འཛིན་ཐོག་ལས་ གནས་ཚུལ་ཞལ་འཛོམས་ཅིག་ ཚོགས་པའི་སྐབས་ལུ་ གནད་དོན་མ་འདྲཝ་ཁག་ ༧ དང་འབྲེལ་བའི་ ཚ་གྱང་དང་ ལྡོག་ཕྱོགས་ཀྱི་ བསམ་འཆར་ཚུ་ གསལ་བཤད་འབད་ནུག།
དེ་ཡང་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༣ པའི་ བསྐྱར་ཞིབ་ཀྱི་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གནད་དོན་དང་པ་དེ་ འདས་པའི་རྩིས་ལོ་ཚུ་ནང་ གསར་སྒྲུབ་འཆར་དངུལ་ཚུ་ ཚད་གཞི་ཁར་ སྤྱོད་མ་ཚུགས་པར་ ལུས་ཡོད་མི་དེ་ བརྒྱ་ཆ་ ༢༠ གི་རྩིས་ཨིནམ་ད་ རྩིས་ལོ་ ༢༠༢༤-༢༥ གི་ གསར་སྒྲུབ་འཆར་དངུལ་ཚུ་ ཚད་གཞི་ཁར་ སྤྱོད་མ་ཚུགས་པའི་ ཚད་གཞི་དེ་ བརྒྱ་ཆ་ ༤༠ གུ་ གནས་ཡོད་རུང་ ད་ཚུན་གྱི་བར་ན་ དེ་གི་ཐོགས་ཆགས་ཚུ་ བསལ་ནིའི་དོན་ལས་ གཞུང་གིས་ ཐབས་ལམ་ཅིག་ ག་ནི་ཡང་ ལག་ལེན་འཐབ་ས་ མ་མཇལ་ཟེར་ཨིན་པས།
དེ་སྦེ་ གསར་སྒྲུབ་འཆར་དངུལ་ཚུ་ ཚད་གཞི་ཁར་ སྤྱོད་མ་ཚུགས་པའི་ དཀའ་ངལ་དེ་ དབུས་གཞུང་དང་ ས་གནས་གཞུང་གཉིས་ཆ་རའི་ནང་ ཉམས་མྱོང་ཅན་གྱི་ མི་སྟོབས་མ་ལང་མི་དང་ འཆར་གཞི་དང་ འཆར་དངུལ་བཀོད་ཐངས་ཚུ་ སྐྱོ་དྲགས་འབད་མི་ ཁྱད་ཆོས་ཚུ་ལུ་བརྟེན་ཏེ་ཨིན་མི་དེ་ཡང་ དཔེར་ན་ ས་གནས་གཞུང་གི་ འཕྲི་སྣོན་བཅའ་ཁྲིམས་ ༢༠༡༤ ཅན་མ་དང་འཁྲིལ་ཏེ་ རྒེད་འོག་ཚུ་ནང་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་པ་ཚུ་མེདཔ་ལས་ གཞུང་གིས་ གཙོ་རིམ་བཀོད་དགོཔ་འདུག་ཟེར་བཀོད་ནུག།
གནད་དོན་གཉིས་པ་དེ་ བུ་གཞི་ ༣ པའི་འཐུས་དང་ གྲོང་གཡུས་ཚེ་སྲོག་ཉེན་བཅོལ་གྱི་སྐོར་ལས་ཨིནམ་ད་ དེ་ཡང་ རྩིས་ལོ་ ༢༠༢༥-༢༦ གི་དོན་ལུ་ བུ་གཞི་གསུམ་པའི་འཐུས་སྦེ་ འཆར་དངུལ་དངུལ་ཀྲམ་ས་ཡ་ ༣༡.༥༠ དང་ གྲོང་གཡུས་ཚེ་སྲོག་ཉེན་བཅོལ་ལུ་ དངུལ་ཀྲམ་ས་ཡ་ ༢༦༣ ཟུར་བཞག་སྦེ་ བཀོད་ཡོད་མི་དེ་ གཞུང་གི་ཁ་ཐུག་ལས་ སྲིད་བྱུས་བརྟག་ཞིབ་ཁ་གསལ་དང་ ལག་ལེན་གྱི་ འཆར་གཞི་ཚུ་བརྩམ་སྟེ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
གནད་དོན་གསུམ་པ་ ཁྲལ་གྱི་དཔྱད་ཡིག་ཚུ་གི་སྐོར་ལས་ ཚོགས་ཐེངས་ཅིག་གི་ནང་ར་ ཁྲལ་གྱི་དཔྱད་ཡིག་ཁག་ ༣ དེ་རེ་ ཆ་འཇོག་གི་དོན་ལས་ ཕུལ་མི་ལུ་ཡང་ ཚ་གྱང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཁྲལ་གྱི་དཔྱད་ཡིག་དེ་ཚུ་གིས་ ཚོང་ལཱ་དང་ མི་སེར་ མ་འོངས་པའི་ འཆར་དངུལ་ཚུ་ རེ་རེ་བཞིན་དུ་ལུ་ ཕན་གནོད་ཡོདཔ་སྦེ་བཀོད་ནུག།
དེ་འབདཝ་ལས་ ཁྲལ་གྱི་ལམ་ལུགས་དང་ ཆ་གནས་ཀྱི་ ཚེས་གྲངས་ཚུ་ མི་དམངས་དངུལ་རྩིས་བཅའ་ཁྲིམས་དང་འཁྲིལ་ཏེ་ གྲ་སྒྲིག་ཡོད་མེད་ཀྱི་ ཚ་གྱང་ཡོད་པའི་ནང་ལས་ཡང་ ནང་ཁྲལ་བཅའ་ཁྲིམས་ཀྱི་ ལག་ལེན་ཕར་འགྱངས་འབད་མི་དེ་ལུ་ ལྡོག་ཕྱོགས་ཀྱི་ཧོངས་ལས་ ཡིད་ཆེས་མ་འདྲོངས་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ནང་ཁྲལ་ཕོག་མི་ ཅ་ཆས་ཚུ་ གསོག་འཇོག་འབད་དེ་ བཞག་ནི་དང་ ཆོག་ཐམ་ལོག་སྤྱོད་འབད་ནི་གི་ ཉེན་ཁ་ཚུ་ ངོ་མ་དང་ ཚབས་ཆེན་སྦེ་ར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོང་ཁྲལ་དང་ རང་སོའི་འབབ་ཁུངས་ཁྲལ་ ༢ གཅིག་ཁར་བསྡབས་ནི་དེ་ལུ་ རྒྱབ་སྐྱོར་ཡོད་རུང་ དུས་འཛིན་བཙུགས་བཞག་གི་ མ་དངུལ་ཐོག་ལས་ སྐྱེད་ཐོབ་མི་ལས་ བརྒྱ་ཆ་ ༡༠ འབད་མི་ཅིག་ འབྱུང་སར་བཏོག་པའི་ཁྲལ་སྦེ་ བཏོག་བཞག་འབད་ནི་དེ་ རྒྱ་ཆེ་བའི་ ཁེ་ཕན་ཅིག་མེད་པའི་ཁར་ རྒྱལ་ཁབ་ནང་གི་ སྤྱིར་བཏང་ཏི་རུའི་ གནས་སྟངས་ལུ་ཡང་ གནོད་པ་འབྱུང་སྲིདཔ་ལས་ རྒྱབ་སྐྱོར་མེད་ཟེར་བཀོད་ནུག།
གནད་དོན་བཞི་པ་ མི་རྗེ་བློན་ཆེན་གྱི་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུའི་ནང་ ན་གཞོན་ལུ་ ལཱ་གཡོད་མེད་པའི་ དཀའ་ངལ་དང་ ཡར་སེང་ཅན་གྱི་ མི་མང་བུ་ལོན་ དེ་ལས་ སྒེར་སྡེའི་སྒྲིང་གཞི་དང་ འཇོན་སྟངས་མེད་པའི་ རིམ་མང་ཐོག་གི་ གཞུང་སྐྱོང་ཚུ་གི་སྐོར་ལས་ ལག་ལེན་དྭངས་གསལ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ད་རེས་ ང་བཅས་རའི་ རྒྱལ་ཁབ་ནང་ལས་ མང་ཤོས་ཞི་གཡོགཔ་ཚུ་ཨིན་མི་ འབྲུག་མི་ ༦༦,༠༠༠ དེ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ འཚོ་སྐྱོང་གི་དོན་ལུ་ འགྱོ་མི་དེ་གིས་ རིག་རྩལ་དང་ལྡན་པའི་ ལས་མིའི་དཀའ་ངལ་དང་ དཔལ་འབྱོར་ལུ་ ཐོ་ཕོག་དོ་ཡོདཔ་སྦེ་བཀོད་ནུག།
འཆར་གཞི་ ༡༣ པའི་ གཙོ་དོན་དང་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་ མདུན་ལམ་དང་འབྲེལ་ཏེ་ཡང་ གཞུང་གིས་ དཔལ་འབྱོར་བསྐྱར་གསོའི་དོན་ལུ་ གནས་སྐབས་ཀྱི་ སྲིད་བྱུས་སྒྲིང་སྒྲིང་ཚུ་ ལག་ལེན་འཐབ་དགོཔ་དང་ གླ་ཆ་མཐོ་བའི་ ལཱ་གཡོག་ཚུ་ གསར་བཏོད་འབད་དེ་ ན་གཞོན་གྱིས་ གྲལ་གཏོགས་ཡར་སེང་དང་ ཞི་གཡོགཔ་ཕྱི་ཁར་འགྱོ་ནི་ཚུ་ བཀག་ཐབས་འབད་དགོ་ཟེར་ཨིན་པས།
གནད་དོན་ལྔ་པ་ སློབ་གྲྭ་ལྟེ་བ་དང་ སློབ་གྲྭ་གཞན་ཚུ་གི་ འཆར་དངུལ་དཔྱ་བགོའི་ཐེད་ཁར་ སློབ་གྲྭ་ལྟེ་བ་ ༦༣ གྱི་དོན་ལས་ དངུལ་ཀྲམ་ཐེར་འབུམ་ ༡༤ དང་ སློབ་གྲྭ་གཞན་ ༤༧༧ ལུ་ དངུལ་ཀྲམ་ས་ཡ་ ༥༤༦༥.༥༢༤ འབད་མིའི་བར་ན་ ཁྱད་པར་སྦོམ་ཡོད་མི་དེ་ འདྲ་མཉམ་མིན་འདུག་ཟེར་ཨིནམ་ད་ དེ་བཟུམ་མའི་ འཆར་དངུལ་དཔྱ་བགོ་དེ་གིས་ ཤེས་ཡོན་གྱི་ སྤུས་ཚད་དང་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་པ་འབྱུང་ནི་གིས་མ་དོ་བར་ གྲུབ་འབྲས་ཚུ་ཡང་ ལེགས་ཤོམ་མི་འོང་ནི་དང་ དེ་བཟུམ་མའི་ འཆར་དངུལ་དཔྱ་བགོ་ཚུ་ འདྲ་མཉམ་བཟོ་སྟེ་ རྒྱལ་ཁམས་ནང་ ཤེས་ཡོན་གྱི་ཁྱད་པར་ཚུ་ བསུབ་ཐབས་འབད་དགོ་ཟེར་བཀོད་ནུག།
གནད་དོན་དྲུག་པ་དེ་ སློབ་རིམ་བཅུ་པའི་ སྐུགས་ཚད་ཀྱི་སྲིད་བྱུས་ བསྐྱར་ལོག་བཙུགས་མི་དེ་གིས་ མི་སྡེ་དཔལ་འབྱོར་གྱི་ ཁྱད་པར་ཚུ་ འཐོན་སྲིད་ནི་དང་ ཨ་ལོ་ཚུ་ ཤེས་ཡོན་འཕྲོ་མཐུད་མ་ཚུགས་པར་ གནོད་འགེལ་གྱི་ ཚད་གཞི་ཡར་སེང་དང་ བཟའ་ཚང་གི་ སྡུག་སྦྱོང་ཡར་སེང་ཚུ་གི་ ཉེན་ཁ་ཡོད་མི་དེ་ཡང་ བློ་གསར་སློབ་གྲྭ་ལས་ འགོ་བཟུང་སྟེ་ ཤན་ཞུགས་ཅན་གྱི་ ཁྱད་ཆོས་ཚུ་ ལེགས་སྒྱུར་ཐོག་ལུ་ སྤུས་ཚད་དང་ལྡན་པའི་ སློབ་དཔོན་དང་ ཐོན་ཁུངས་ དེ་ལས་ རྩ་གཞུང་ཞུན་དག་དང་ སློབ་སྟོན་གྱི་ ཐབས་ལམ་ཚུ་ ལེགས་བཅོས་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
ད་རེས་ ཁྲོམ་སྡེའི་སློབ་གྲྭ་ཚུ་དང་ཕྱདཔ་ད་ གྲོང་གཡུས་ཁག་གི་ སློབ་གྲྭ་ཚུ་ནང་ སྤུས་ཚད་ཅན་གྱི་ སློབ་དཔོན་དང་ གཞི་རྟེན་མཁོ་ཆས་ཚུ་ ལངམ་སྦེ་མེད་པའི་ཁར་ སྐུགས་ཚད་བསྐྱར་བཙུགས་འབད་མི་དེ་གིས་ དབུལ་ཕོངས་ཅན་གྱི་ མི་སེར་ཚུ་ལུ་ ཐོ་ཕོག་སྟེ་ དཔལ་འབྱོར་དང་ མི་སྡེའི་ནང་ཡང་ ཁྱད་པར་ཆགས་འོང་ཟེར་བཀོད་ནུག།
མཐའ་མཇུག་གི་ གནད་དོན་དེ་ གཞུང་གི་གྲུབ་འབྲས་ བརྟག་ཞིབ་ཀྱི་སྐོར་ལས་ བརྡ་བརྒྱུད་ཚུ་གིས་ གཞུང་སྐྱོང་ལོ་ ༡ གི་ཤུལ་ལུ་ ལྡོག་ཕྱོགས་ཀྱིས་ གཞུང་སྐྱོང་བརྟག་ཞིབ་དང་འབྲེལ་བའི་ དྲི་བ་ཚུ་ བཀོད་མིའི་ཐེད་ཁར་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ འབྲེལ་ཡོད་བློན་པོ་ཚུ་ལུ་ ལག་ལེན་གྱི་ གནས་ཚད་སྐོར་ལས་ ཡི་གུ་ཚུ་ སྤེལ་ཡོད་པའི་གུ་ ལོག་སྟེ་ར་ དྲན་བརྡ་ཡང་ བསྐྱལ་འོང་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ སྤྱི་ཚོགས་ཀྱི་ གྲོས་གཞི་ཚུ་གི་སྐོར་ལས་ སྲིད་འབྲེལ་གྱི་དབང་ལུ་ གཏང་ཚུགས་ཏེ་འབད་རུང་ འབྲུག་རྒྱལ་ཁབ་འདི་ གནད་འགག་ཅན་གྱི་ དཔལ་འབྱོར་གྱི་ གནས་སྟངས་ནང་འབདཝ་ལས་ ཕྱི་ནང་གཉིས་ཆ་རའི་ནང་ ཡིད་ཆེས་ལུ་ གནོད་པ་འབྱུང་སྲིད་ནི་ཨིནམ་ལས་ ལྡོག་ཕྱོགས་ཀྱིས་ དེ་བཟུམ་མའི་ ལཱ་བྱ་འཐབ་ནི་ལས་ འཛེམ་དགོ་པའི་ འགན་ཁུར་འབག་སྟེ་ཡོདཔ་མ་ཚད་ ད་ལས་ཕར་ཡང་ དེ་སྦེ་ར་ གནས་ནི་ཨིན་ལུགས་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྤྱི་ཚོགས་ཚོགས་ཆུང་ཚུ་ནང་ བརྩོན་ཤུགས་ཀྱི་སྒོ་ལས་ ལཱ་འབད་དོ་ཡོདཔ་སྦེ་ཡང་བཀོད་ནུག།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༨ པ་དང་འཁྲིལ་ཏེ་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ དོན་དག་ཆོད་པའི་སྐྱོན་དང་ ཡོན་ཏན་དང་ སྲིད་བྱུས་ཀྱི་ཐབས་ལམ་ དགག་བཤེར་དང་ ཚད་མཉམ་དང་བཅས་པའི་སྒོ་ལས་ འགན་ཁུར་དང་ དྭངས་གསལ་ འགན་འཁྲི་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་སེར་ཡོངས་ཀྱི་ཐུགས་དོན་ཚུ་ བསྒྲུབ་ནི་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 80
Users Yesterday : 2073
This Month : 2153
This Year : 182056
Total Users : 893872
Views Today : 94
Total views : 2626918
Who's Online : 4