སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་ཝ་ར་ཎ་སི་ལུ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན།

ལོ་བསྟར་བཞིན་དུ་ རང་ཟླ་ ༦ པའི་ཚེས་ ༤ ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་གྱི་ས་གནས་ ཝ་ར་ཎ་སི་ལུ་ བདེན་བཞིའི་ཆོས་འཁོར་བསྐོར་བའི་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུཝ་ཨིན་པས།

དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ རང་ཟླ་ ༤ པའི་ཚེས་ ༡༥ ལུ་ མངོན་པར་རྫོགས་པར་ སངས་རྒྱས་པའི་ཤུལ་ལས་ ཟབ་བཞི་སྤྲོས་བྲལ་འོད་གསལ་དུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཟེར་གསུང་བཅད་དེ་ བདུན་ཕྲག་ ༧ གྱི་རིང་ལུ་བཞུགས་ནུག།

དེ་བསྒང་ ལྷ་ཚངས་པ་གིས་ ཚེ་སྔོན་གྱི་སྨོན་ལམ་ སེམས་ཁར་དྲན་ཏེ་ སྟོན་པ་བཞུགས་སར་ བཅར་ཞིནམ་ལས། སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །ཟེར་ཞུ་སྟེ་ ཆོས་ཀྱི་འཁོར་ལོ་ བསྐོར་བར་བསྐུལ་རུང་ ཞལ་གྱིས་བཞེས་མ་བཏུབ་ལས་ ལྷ་ཚངས་པ་དེ་ ལོག་སྟེ་ར་ ལྷ་ཡུལ་ལུ་ བྱོན་སོངཔ་ཨིན་པས།

དེ་ལས་ ལྷའི་དབང་པོ་བརྒྱ་བྱིན་གྱིས་  སངས་རྒྱས་བཅོམ་ལྡན་འདས་ལུ་ ནོར་བུ་རིན་པོ་ཆེ་ཕུལ་ཏེ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཟེར་ཞུ་སྟེ་ གསོལཝ་བཏབ་རུང་ ཞལ་བཞེས་མ་མཛད་ནུག།

ད་རུང་ ལྷ་ཚངས་པ་གིས་ གསེར་གྱི་འཁོར་ལོ་ རྩིབས་སྟོང་ཕུལ་ཏེ་ ལོག་ཅི་རང་ གསོལཝ་བཏབ་ལས་ སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་ཚེ་འདུ་བྱེད་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཟེར་གསུངས་ཏེ་ ཞལ་གྱིས་བཞེས་ཡོདཔ་ཨིན་པས།

དེ་ལས་ རང་ཟླ་ ༦ པའི་ཚེས་ ༤ ལུ་ རྒྱ་གར་ཝ་ར་ཎ་སི་ལུ་ འཁོར་ལྔ་སྡེ་བཟང་པོ་གིས་གཙོས་པའི་ ལྷའི་འཁོར་ཚོགས་ བརྒྱད་ཁྲི་བཞི་སྟོང་དང་བཅས་པ་ འཚོགས་པའི་སྦུག་ན་ ཆོས་འཁོར་དང་པ་ བདེན་པ་བཞིའི་ ཆོས་འཁོར་བསྐོར་གནང་ནུག།

དེ་འབདཝ་ལས་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ ནང་པ་སངས་རྒྱས་པའི་ རྒྱལ་ཁབ་ཅིག་ཨིན་པ་ལུ་བརྟེན་ཏེ་ ལོ་བསྟར་བཞིན་དུ་ རང་ཟླ་ ༦ པའི་ཚེས་ ༤ ལུ་ གཞུང་སྒེར་གྱི་ ལས་སྡེ་ཁག་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནང་སྟེ་ དུས་ཆེན་ཁྱད་པར་ཅན་འདི་ བརྩི་སྲུང་ཞུཝ་ཨིན་པའི་གནས་ཚུལ།

Please follow and like us: