
མགོན་པོ་རྡོ་རྗེ།
གནམ་ལོ་ཤིང་སྦྲུལ་ཟླཝ་ ༦ པའི་ཚེས་ ༢ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ གཞུང་གྲྭ་ཚང་གི་ མཚན་སློབ་སྐུ་བགྲེས་ སངས་རྒྱས་རྡོ་རྗེ་མཆོག་ དགུང་ལོ་ ༨༦ གི་ཐོག་ལུ་ ཐིམ་ཕུ་དབྱངས་ཅན་ཕུག་ སྒྲུབ་ཁང་ནང་སྦེ་ དགོངས་པ་ཆོས་དབྱིངས་ལུ་ཐིམས་པའི་ ཚུལ་སྟོན་གནང་ཡོདཔ་ཨིན་པས།
དེ་ཡང་ སློབ་པོན་ཞིང་གཤགས་མཆོག་ སྤྱི་ལོ་ ༡༩༣༩ ལུ་ ཐིམ་ཕུ་ཅང་དགེ་བསྙེན་ཁར་ སྐུ་འཁྲུངས་ཡོདཔ་ད་ དགུང་ལོ་ ༧ ལུ་ བྱམས་མགོན་ངག་དབང་འཕྲིན་ལས་ཀྱི་ཞབས་སར་ དཔལ་ལྡན་འབྲུག་པའི་འདུས་སྡེར་ འཛུལ་བཞུགས་མཛད་དེ་ གྲྭ་ཚང་གི་ ཆོས་སྤྱོད་སྒྲིག་ལམ་ཚུ་ལུ་ སྒོ་གསུམ་གུས་པའི་སྒོ་ལས་ དང་བླངས་མཛད་གནང་ནུག།
དགུང་ལོ་ ༡༧ ལས་ ༤༦ ཚུན་ སྐྱབས་རྗེ་ཞིང་གཤེགས་དམ་པ་ མཁས་དབང་དགེ་འདུན་རིན་ཆེན་མཆོག་གི་ ཕྱག་ཞུ་སྟེ་ སྤ་རོ་ཀུན་དགའ་གླིང་ཆོས་གླིང་དང་ ཐིམ་ཕུ་རྟ་མགོ་དང་ ཕ་ཇོ་སྡིངས་བཤད་གྲྭ་ཚུ་ནང་ སྐྱོར་དཔོན་མཛད་དེ་ བཞུགས་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་ ༡༩༨༥ དགུང་ལོ་ ༤༧ ལུ་ བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ དབུ་འཛིན་གྱི་ གོ་གནས་ཁར་ ལོ་ངོ་ ༡ གི་རིང་ བཞུགས་པའི་སྐབས་ལུ་ སློབ་གྲྭཔ་ཚུ་ལུ་ དཔལ་ལྡན་འབྲུག་པའི་རིང་ལུགས་ཀྱི་ སྒྲིག་ལམ་ཆོས་གསུམ་དང་ གར་ཐིག་དབྱངས་གསུམ་གྱི་ སློབ་སྟོན་མཛད་གནང་ནུག།
དགུང་ལོ་ ༤༨ སྤྱི་ལོ་ ༡༩༨༦ ལུ་ དབང་འདུས་ཕོ་བྲང་རབ་སྡེའི་ བླམ་གནས་བརྟན་དང་ དགུང་ལོ་ ༥༣ ལུ་ གཞུང་གྲྭ་ཚང་ལྟེ་བའི་ མཚན་ཉིད་སློབ་དཔོན་གྱི་ གོ་གནས་བཞེས་ཡོདཔ་ད་ དགུང་ལོ་ ༦༡ ལུ་ དབྱངས་པའི་སློབ་དཔོན་གྱི་ གོ་གནས་བཞེས་ཡོདཔ་ཨིན་པས།
དགུང་ལོ་ ༦༨ ལུ་ གཞུང་གྲྭ་ཚང་ལས་ དགོངས་ཞུས་མཛད་དེ་ ད་ཚུན་གྱི་བར་ན་ ཐིམ་ཕུག་ཐ་བྲག་དགོན་པའི་ དབེན་གནས་ལུ་ དཔལ་ལྡན་འབྲུག་པའི་རྒྱལ་མཚན་ ནམ་མཁར་བསྒྲེངས་ཏེ་ བཞུགས་ཡོདཔ་སྦེ་ གཞུང་གྲྭ་ཚང་གི་ གཞུང་འབྲེལ་གདོང་དེབ་ནང་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391618
Views Today :
Total views : 5000
Who's Online :