
སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ དྲག་ཤོས་ཌོག་ཊར་ རྟ་མགྲིན་རྡོ་རྗེ་དེ་ འབྲུག་མཉམ་རུབ་ཚོགས་པའི་ གནས་སྐབས་ཀྱི་ གཙོ་འཛིན་སྦེ་ བསྐོ་བཞག་གྲུབ་ཡོདཔ་ད་ དེ་ཡང་ ཚོགས་པའི་ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་བའི་ཤུལ་ལས་ འདས་པའི་བདུན་ཕྲག་ནང་ ཚོགས་པའི་ཞལ་འཛོམས་ ཐེངས་དང་པ་ ཚོགས་པའི་སྐབས་ལུ་ ཚོགས་ཆུང་གི་ འཐུས་མི་ཚུ་ག་ར་ མོས་མཐུན་ཐོག་ལས་ བསྐོ་བཞག་འབད་ནུག།
དྲག་ཤོས་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ སྤྱི་ལོ་ ༢༠༡༨ ལས་ ༢༠༢༣ ཚུན་ལུ་ བཙག་འཐུ་ལས་གྲུབ་པའི་ དམངས་གཙོའི་གཞུང་གསུམ་པའི་ ཕྱི་འབྲེལ་བློན་པོ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཚོགས་པ་དེ་ གཞི་བཙུགས་འབད་མི་ཅིག་སྦེ་ སྤྱི་ལོ་ ༢༠༡༣ ལས་ ༢༠༡༨ ཚུན་ ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུའི་ཕྱག་ལཱ་ཚུ་ གནང་པའི་ཤུལ་ལས་ སྤྱི་ལོ་ ༢༠༡༨ ལོར་ བཙག་འཐུའི་སྐབས་ལུ་ཡང་ ཚོགས་པའི་གཙོ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
དྲག་ཤོས་དེ་གིས་ འདས་པའི་ལོ་ཚུ་ནང་ འགོ་ཁྲིདཔ་ངོ་མའི་ འདུ་ཤེས་ཐོག་ལས་དང་ དམིགས་བསལ་གྱིས་ བཙག་འཐུའི་དུས་ཚོད་ཕྱི་ཁར་ ཚོགས་པའི་འཛིན་སྐྱོང་དང་ ཡུན་བརྟན་གྱི་དོན་ལུ་ གལ་གནད་ཆེ་བའི་ ཕྱག་ལཱ་ཚུ་ གནང་ཡོདཔ་མ་ཚད་ འབྲུག་གི་བཙག་འཐུའི་སྐབས་ལུ་ འབྲུག་མི་ཚུ་ལུ་ ཡིད་ཆེས་བརྟན་པའི་ སྲིད་ཚོགས་ཀྱི་ གདམ་ཁའི་གོ་སྐབས་ཡང་གནང་ནུག།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ ད་ཚུན་གྱི་བར་ན་ དྲག་ཤོས་ཌོག་ཊར་གྱིས་ རང་དོན་རྒྱབ་ཁར་བསྐྱུར་ཏེ་ ཚོགས་པ་ཉག་གཅིག་གི་དོན་ལུ་ ཕྱག་ལཱ་ཚུ་ གནང་པ་ལུ་བརྟེན་ཏེ་ ཚོགས་པའི་གནས་སྐབས་ཀྱི་ གཙོ་འཛིན་གྱི་ གདམ་ཁ་དེ་ཡང་ དྲག་ཤོས་ལུ་ མ་ཕོག་རང་ཕོག་ར་ཨིན་ཟེར་ བཤདཔ་ཨིན་པས།
དྲག་ཤོས་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ ང་བཅས་རའི་ བརྩེ་གདུང་ཅན་གྱི་ རྒྱལ་ཁབ་འདི་ ད་རེས་ ཨ་རྟག་དང་མ་འདྲ་བའི་ གནས་སྟངས་ནང་ ལྷོད་དེ་ཡོད་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་ལྟར་དུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ འབྲུག་གི་མ་འོངས་པའི་ གཅིག་སྒྲིལ་དང་ རེ་འདུན་གྱི་ རྟགས་མཚན་འབདཝ་ལས་ འབྲུག་མི་ཡོངས་ཀྱིས་ ལེ་ལོའི་ངང་ལུ་ དུས་ཚོག་འཕྲོ་བརླག་མ་གཏང་བར་ གདོང་ཁར་འཐོན་དགོ་ཟེར་གསུངས་ནུག།
དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་ འགན་ཁུར་དེ་ལུ་ཡང་ ཀུན་སློང་དེ་གིས་ ལམ་སྟོན་འབད་འོང་ཟེར་ཨིནམ་ད་ འབྲུག་མཉམ་རུབ་ཚོགས་པ་དེ་ སྤྱི་ལོ་ ༢༠༡༣ ལུ་ སྲིད་ཚོགས་ ༣ པ་སྦེ་ ཐོན་ཡོདཔ་བཞིན་དུ་ སྤྱི་ལོ་ ༢༠༡༨ ལས་ ༢༠༢༣ ཚུན་ ལོ་ངོ་ ༥ གི་རིང་ལུ་ གཞུང་སྐྱོང་མཛད་ཡོད་པའི་གནས་ཚུལ།






Users Today : 1624
Users Yesterday : 3320
This Month : 92068
This Year : 388034
Total Users : 1099850
Views Today : 2516
Total views : 3073576
Who's Online : 13