
སྤྱི་ཟླ་ ༨ པའི་ཚེས་ ༣ ལུ་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་གིས་ འབྱུང་བཞི་ནང་ སྤྱི་དོན་ཁང་ནང་སྦེ་ ཡུ་ཨེཛ་གི་ བཱཛ་ཀེཊ་བཱོལ་ཚོགས་པ་ ཨེན་བི་ཨེ་དང་ འབྲུག་རྒྱལ་ཡོངས་ བཱཛ་ཀེཊ་བཱོལ་སྡེ་ཚན་གྱི་བར་ན་ འགྲེམ་སྟོན་རྩེད་འགྲན་ཅིག་ འགོ་འདྲེན་འཐབ་མིའི་ནང་ དབུ་བཞུགས་མཛད་གནང་ནུག།
འགྲེམ་སྟོན་རྩེད་འགྲན་དེ་ཡང་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ཡུ་ཨེཛ་གི་ ཁྱད་རིག་བཱཛ་ཀེཊ་བཱོལ་སྡེ་ཚན་ ཨེན་བི་ཨེ་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ ཧུབཛ་ཕོར་ ཧེ་པི་ནེཛ་ཟེར་མི་ དགའ་སྤྲོའི་དོན་ལུ་ དམིགས་བསལ་སློབ་སྟོན་ལས་རིམ་གྱི་ ཆ་ཤས་ཅིག་ཨིན་པས།
ལས་རིམ་དེ་ འབྲུག་ལུ་འོང་མི་ ཨེན་བི་ཨེ་ མིང་གཏམ་ཅན་གྱི་ རྩེད་འགྲན་པ་ མེ་སཱོན་པ་ལམ་ལི་དང་ ཇཱཛ་ཊིན་ཨའི་སཱག་ ཨེ་ཇེ་གི་རིན་གྱིས་ སློབ་སྟོན་ལས་རིམ་ཚུ་གི་སྒོ་ལས་ ན་གཞོན་ཚུ་གིས་ གྲལ་གཏོགས་དང་ རྩེད་རིགས་གོང་འཕེལ་གཏང་ཐབས་ལུ་ འགོ་འདྲེན་འཐབ་ནུག།
འགྲེམ་སྟོན་རྩེད་འགྲན་སྐབས་ལུ་ རྩེད་འགྲན་པ་གཞོནམ་ཚུ་གི་དོན་ལས་ ན་གཞོན་བཱཛ་ཀེཊ་བཱོལ་ རྩེད་འགྲན་ཅིག་ཡང་ འགོ་འབྱེད་མཛད་ཡོདཔ་ཨིན་པས།
ཨེན་བི་ཨེ་སྡེ་ཚན་གྱིས་ སྤ་རོ་དང་ ཐིམ་ཕུ་ལུ་སྦེ་ བཱཛ་ཀེཊ་བཱོལ་རྩེད་ཐངས་ཀྱི་ སློབ་སྟོན་འབད་ནི་དང་འབྲེལ་ཏེ་ བཱཛ་ཀེཊ་བཱོལ་ལུ་ སྤྲོ་བ་ཡོད་མི་ འབྲུག་པའི་ན་གཞོན་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།