
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ ལཱན་སེཊ་ཟེར་མི་ དུས་དེབ་ཐོག་ལས་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལ་བ་ཅིན་ གྱིབ་ཆས་ཀྱི་ བཙོག་ལྷད་དེ་གིས་ འཛམ་གླིང་དང་ འགྲོ་བ་མི་གཉིས་ཆ་ར་ལུ་ གནོད་ཉེན་ཚབས་ཆེན་ཡོད་རུང་ ངོས་ལེན་མིན་འདུག་ཟེར་ཨིན་པས།
དེ་ཡང་ རྒྱལ་སྤྱིའི་མཁས་མཆོག་སྡེ་ཚན་ཅིག་གིས་ རྩོམ་སྒྲིག་འབད་མི་ སྙན་ཞུའི་ནང་ གྱིབ་ཆས་ལུ་ གནོད་ཉེན་ཅན་གྱི་ རྫས་སྦྱོར་མང་རབས་ཅིག་ཡོདཔ་ལས་ ཨ་ལོ་ཆུང་ཀུ་ལས་ འགོ་བཟུང་སྟེ་ རྒན་རྒས་ཚུན་ལུ་ གནོད་པ་དང་ ཤི་རྐྱེན་ཚུ་ ཡར་སེང་ཅན་སྦེ་ར་ འབྱུང་དོ་ཡོདཔ་སྦེ་བཀོད་ནུག།
གྱིབ་ཆས་ཀྱི་ བཙོག་ལྷད་ལུ་བརྟེན་ཏེ་ ལོ་བསྟར་བཞིན་དུ་ དཔལ་འབྱོར་ལུ་ཡང་ ཌོ་ལར་དུང་ཕྱུར་ཁྲི་ ༡༥ དེ་རེ་ གྱོང་རྒུད་ཕོག་དོ་ཡོདཔ་ད་ སྙན་ཞུ་དེ་ནང་ འགྲོ་བ་མི་ལུ་ གནོད་ཉེན་བྱུང་ཚུལ་དང་ སྒྲུབ་བྱེད་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ བཀོད་དེ་ཡོད་མིའི་ནང་ གྱིབ་ཆས་བཟོ་བཏོན་ལས་ འགོ་བཟུང་སྟེ་ བཀོ་གཏང་པའི་ གནས་རིམ་ཚུན་ལུ་ གནོད་པ་ཚུ་གི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།
གྱིབ་ཆས་བཟོ་བཏོན་སྐབས་ལུ་ཐོན་མི་ བཙོག་རླུང་ནང་ དུག་རླུང་སཱལ་ཕར་ཌའི་ཨོག་ས་ཡིཌ་དང་ ནའི་ཊོ་ཇེན་ཨོག་ས་ཡིཌ་ཚུ་གིས་མ་དོ་བར་ གྱིབ་ཆས་བཟོ་མི་ཚུ་ལུ་གནོད་པའི་ རྫས་རིགས་སྣ་ཚོགས་ཡོད་ལུགས་ཚུ་ཡང་ བཀོད་དེ་ཡོདཔ་ད་ ཡུ་ཨེཛ་དང་ སུ་ཡིཌ་ཛར་ལེན་ ཇར་མ་ནི་ ཨཱཛ་ཊྲེ་ལི་ཡའི་ མཁས་མཆོག་ཚུ་གིས་ གྱིབ་ཆས་ཚུ་ནང་ཡོད་མི་ གནོད་ཉེན་ཅན་གྱི་ རྫས་སྦྱོར་ཚུ་དང་ བཟོ་སྐྲུན་གྱི་འབོར་ཚད་ དེ་ལས་ གནོད་ཉེན་གྱི་ ཚད་གཞི་ཚུ་གི་སྐོར་ལས་ དྭངས་གསལ་མིན་འདུག་ཟེར་བཀོད་ནུག།
དེ་མ་ཚད་ འཛིན་སྐྱོང་ལེགས་ཤོམ་སྦེ་ མ་འཐབ་པར་ གྱིབ་ཆས་བརྒྱ་ཆ་ ༥༧ དེ་ཅིག་ཡང་ ས་གོ་སྟོང་མའི་ནང་ མེ་སྤར་དོ་ཡོདཔ་ལས་ འབབ་ཁུངས་ཆུང་བའི་ རྒྱལ་ཁབ་མང་ཤོས་ཅིག་ནང་ བཙོག་རླུང་ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱིས་ གྱིབ་ཆས་དང་འབྲེལ་བའི་ ཆིངས་ཡིག་ཅིག་ བཟོ་ནི་སྦེ་ཡོདཔ་ད་ གྱིབ་ཆས་ཀྱིས་ གནོད་ཉེན་ཡོད་པའི་ དཀའ་ངལ་དེ་ དེ་འཕྲལ་ལས་ བསལ་ཐབས་འབད་དགོ་པའི་ གཞི་ཅིག་ལུ་ གྱུར་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 2367
Users Yesterday : 3320
This Month : 92811
This Year : 388777
Total Users : 1100593
Views Today : 3780
Total views : 3074840
Who's Online : 20