
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ རྩིས་ལོ་ ༢༠༢༥-༢༦ གི་ ལོ་བསྟར་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་སྐོར་ལས་ གནས་ཚུལ་གསར་བཏོན་འབད་མི་ལུ་ རྒྱལ་ཡོངས་ཚོགས་འདུའི་ ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ དམངས་གཙོའི་གཞུང་སྐྱོང་ནང་ བསྐྱར་ཞིབ་ཀྱི་ ཚོགས་ཁང་སྦེ་ རྩ་ཁྲིམས་ཅན་གྱི་ འགན་ཁུར་འགྲུབ་ནི་དང་ སྤྱི་ཚོགས་ཀྱི་འགན་འཁྲི་ ངེས་གཏན་བཟོ་ནི་ལུ་ ཁས་ལེན་ཡང་བསྐྱར་ ཞུ་ནི་ཨིན་ཟེར་བའི་ གནས་ཚུལ་གསར་བཏོན་འབད་ནུག།
འཆར་དངུལ་དང་འབྲེལ་བའི་ གནད་དོན་གྱི་ཐེད་ཁར་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༥ པའི་ནང་ རྩིས་ལོ་ ༢༠༢༥-༢༦ གི་ ལོ་བསྟར་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དེ་ བསྐྱར་ཞིབ་མཐིལ་ཕྱིན་མཛད་དེ་ གཙོ་རིམ་གོང་འཕེལ་མ་དངུལ་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་ འབྲེལ་ཡོད་བཅའ་ཁྲིམས་གཞན་ཚུ་གི་ དགོངས་དོན་ཚུ་དང་ ཚུལ་མཐུན་མེདཔ་ལས་ ཕྱིར་བཏོན་འབད་དགོ་པའི་ གྲོས་དོན་བཀོད་ཅི་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ དེ་བཟུམ་མའི་ གྲོས་དོན་བཀོད་དེ་འབད་རུང་ རྒྱལ་ཡོངས་ཚོགས་འདུ་གིས་ དཔྱད་ཡིག་དེ་ ཆ་འཇོག་གནང་སྟེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ ཆ་སྦྱོར་གནང་ནིའི་དོན་ལུ་ ཕུལ་ཡོདཔ་སྦེ་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་གནང་མི་ ཐུགས་འཆར་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ བཏང་ཡོདཔ་ད་ དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༢༡.༨ པ་ལུ་ ཁུངས་གཏུགས་མཛད་གནང་པའི་ཤུལ་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ རྩིས་ལོ་ ༢༠༢༥-༢༦ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ གཙོ་རིམ་གོང་འཕེལ་མ་དངུལ་བཙུགས་ནི་དེ་ རྩ་ཁྲིམས་ཆེན་མོ་དང་ འགལ་བ་སྦེ་ཡོདཔ་ཨིན་པས།
དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱི་ ཐུགས་འཆར་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ མ་བཏང་པའི་ཧེ་མར་ རྒྱལ་ཡོངས་ཚོགསའདུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ ཤེས་རྟོགས་དང་ མོས་མཐུན་མེད་པར་ གཙོ་རིམ་གོང་འཕེལ་མ་དངུལ་དང་འབྲེལ་བའི་ དགོངས་དོན་དེ་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ལས་ ཕྱིར་བཏོན་མཛད་དེ་ ཡང་བསྐྱར་ མི་དབང་ཞབས་སར་ ཆ་སྦྱོར་གྱི་དོན་ལུ་ ཕུལ་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ཟླ་ ༧ པའི་ཚེས་ ༣༡ ལུ་ འཐུས་མི་ཡོངས་འཛོམས་ཀྱི་ ཞལ་འཛོམས་ཐེངས་ ༡༨ པའི་ནང་ དམིགས་བསལ་གྱིས་ མངོན་མཐོ་ཁྲིམས་འདུན་གྱི་ ཐུགས་འཆར་དང་འབྲེལ་བའི་ བྱ་སྒོའི་མཛད་རིམ་ཚུ་རྩིས་ཏེ་ གནད་དོན་དེ་གི་སྐོར་ལས་ཡང་ གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་ གནང་ཡོདཔ་ཨིན་པས།
དེ་བསྒང་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་ རྒྱལ་ཡོངས་ཚོགས་འདུ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ གྲོས་བསྟུན་དང་ ཐུགས་མཐུན་མེད་པར་ གཙོ་རིམ་གོང་འཕེལ་མ་དངུལ་དང་འབྲེལ་བའི་ དགོངས་དོན་དེ་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ལས་ ཕྱིར་བཏོན་མཛད་དེ་ མི་དབང་ཞབས་སར་ ཆ་སྦྱོར་གྱི་དོན་ལས་ ཕུལ་ཡོད་མི་དེ་ ཁྲིམས་དོན་བྱ་སྒོ་དང་ ཚུལ་མཐུན་མེད་པའི་ ཚ་གྱང་སྦོམ་སྦེ་ར་ ལང་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་རྒྱས་ཤིང་རྒྱསཔ་སྦེ་ གནང་པའི་ཤུལ་ལུ་ ཚོགས་ཁང་གཉིས་ཀྱི་ འབྲེལ་ཡོད་ཚོགས་ཆུང་ཚུ་ ལྷན་བཞུགས་ཀྱི་ ཞལ་འཛོམས་ཅིག་ གློ་བུར་དུ་ འཚོགས་དགོ་པའི་ དགོས་དོན་བཀོད་ནི་སྦེ་ ཐུགས་ཐག་བཅད་ཡོདཔ་ད་ ཞལ་འཛོམས་དེ་གི་ དམིགས་དོན་ཚུ་ཡང་ དང་པར་དུ་ མངོན་མཐོ་ཁྲིམས་འདུན་གྱི་ ཐུགས་འཆར་ཐོབ་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ ལག་ལེན་འཐབ་ཡོད་པའི་ བྱ་སྒོའི་རིམ་པ་ཚུ་གི་སྐོར་ལས་ གསལ་བཤད་གནང་དགོཔ་དང་། གཉིས་པ་ འབྲུག་གི་མངའ་བདག་རྒྱལ་པོ་མཆོག་གི་ སྲིད་འབྲེལ་མེད་པའི་ གནས་སྟངས་ཉེན་སྲུང་འབད་ནི། གསུམ་པ་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཚོགས་ཁང་སྦེ་ རྩ་ཁྲིམས་ཅན་གྱི་ འགན་ཁུར་བཙན་ཐབས་འབད་ནི་དང་ སྤྱི་ཚོགས་ཀྱི་ འགན་འཁྲི་ངེས་གཏན་བཟོ་ནི་ཚུ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་འདུ་གིས་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་ དགོངས་དོན་ཚུ་ ཕྱིར་བཏོན་ཐོག་ལས་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དེ་ ཆ་འཇོག་གྲུབ་ཡོད་པའི་ བརྡ་དོན་གནངམ་ལས་ ལྷན་བཞུགས་ཞལ་འཛོམས་དེ་ འཚོགས་མ་ཚུགས་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཁང་ ༢ ཀྱི་བར་ན་ མཉམ་འབྲེལ་དང་ བརྒྱུད་འབྲེལ་ཚུལ་མཐུན་འཐབ་ནི་དེ་ དགོས་མཁོ་ཆེ་བའི་ ཡིད་ཆེས་ཡོད་ཟེར་བཀོད་ནུག།
དེ་བཟུམ་མའི་ མཉམ་འབྲེལ་དང་ བརྒྱུད་འབྲེལ་དེ་གིས་ ཚོགས་ཁང་གཉིས་ལུ་ རྩ་ཁྲིམས་ཆེན་མོའི་འོག་ལུ་འཁྲི་མི་ འགན་ཁུར་ཚུ་ལུ་ བརྩི་བཀུར་འབད་ནི་དང་ སྤྱི་ཚོགས་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ དམིགས་དོན་ཚུ་ འགྲུབ་ནི་ལུ་ ཞབས་ཏོག་བྱུང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།