
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་ས་ཁོངས་ བ་ལོ་ཅིཛ་ཏཱན་ལུ་ འཛུལ་ནི་འབད་མི་ མི་གྲངས་ ༣༣ པ་ཀིཛ་ཏཱན་གྱི་ སྲུང་སྐྱོབ་དམག་མི་ཚུ་གིས་ དམར་བསད་འབད་ནུག།
དེ་མ་ཚད་ ངོ་རྒོལ་དམག་མི་ཚུ་ལས་ མཚོན་ཆ་དང་ ཀྲོབ་མདའི་ལྡེའུ་ རྫས་བམ་ཚུ་ཡང་ ཐོབ་ཡོདཔ་ད་ བློན་ཆེན་ཤེ་བཱཛ་ཤ་རིཕ་གིས་ སྲུང་སྐྱོབ་དམག་སྡེ་གིས་ ངོ་རྒོལ་དམག་མི་ཚུ་ མཐར་འཁྱོལ་ཅན་སྦེ་ ཕམ་བཏང་མི་ལུ་ ངལ་རངས་ཡོད་ཟེར་ཨིན་པས།
དེ་ཡང་ ས་གཏེར་གྱིས་ཕྱུག་པའི་ ས་གནས་བ་ལོ་ཅིཛ་ཏཱན་ལས་ གཏེར་རྫས་ཚུ་ལས་ ཁེབ་སང་གི་ བགོ་བཤའ་མང་སུ་དགོ་ནི་སྦེ་ ངོ་རྒོལ་འབད་མི་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ འདས་པའི་ཟླཝ་ཚུ་ནང་ ངོ་རྒོལ་སྡེ་ཚན་ཚུ་གིས་ པ་ཀིཛ་ཏཱན་གྱི་ དམག་མི་ཚུ་ལུ་ གནོད་འཚུབ་བཀལ་དོ་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་མའི་ གནོད་འཚུབ་ཚུ་གི་སྐོར་ལས་ པ་ཀིཛ་ཏཱན་གྱིས་ ཨཱཕ་གྷ་ནིཛ་ཏཱན་གྱི་ ཏ་ལི་བཱན་གཞུང་ལུ་ ཁ་ཉེས་བཀལ་མི་དེ་ཡང་ ཨཱཕ་གྷ་ནིཛ་ཏཱན་གྱིས་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ལུ་ཡོད་མི་ ངོ་རྒོལ་དམག་མི་ཚུ་ ཐང་བཏང་བཞག་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།