
པདྨ་དབང་འདུས།
རྩིས་ལོ་ ༢༠༢༥-༢༦ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ལས་ གཙོ་རིམ་གོང་འཕེལ་མ་དངུལ་ ཕྱིར་བཏོན་གནང་པའི་སྐོར་ལས་ སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ རྒྱལ་ཡོངས་ཚོགས་འདུ་ལས་ དོགས་སེལ་གྱི་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་པའི་སྐབས་ལུ་ འདེམས་ཁོངས་ ༤༧ གྱི་དོན་ལས་ གཙོ་རིམ་གོང་འཕེལ་མ་དངུལ་ དངུལ་ཀྲམ་ས་ཡ་ ༩༤ དཔྱ་བགོ་འབད་དགོ་པའི་ གྲོས་དོན་ཕུལ་ཡོད་མི་དེ་ཡང་ འདེམས་ཁོངས་གོང་འཕེལ་ལུ་ གནང་སྦྱིན་མ་དངུལ་གྱི་ ཞུ་བ་སྦེ་ བཀོད་དེ་ཡོད་མི་དེ་ལུ་ ཚོགས་འདུའི་འཐུས་མི་ ༤༥ གིས་ ཚོགས་རྒྱན་བཙུགསཔ་ད་ འཐུས་མི་ ༣༣ གྱིས་ དགོས་མཁོ་ཡོད་པའི་ ཚོགས་རྒྱན་བསྐྱུར་ཡོདཔ་ད་ འཐུས་མི་ ༡༢ ཀྱིས་ ཚོགས་རྒྱན་མ་བཙུགསཔ་སྦེ་ཨིན་པས།
གནད་དོན་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཁྲིམས་དོན་བསམ་འཆར་ ལེན་པའི་སྐབས་ལུ་ ཁོང་གི་ཁ་ཐུག་ལས་ ད་རེས་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་དོན་སྒྲིག་བཀོད་ཚུ་ནང་ དགོས་མཁོ་ཡོད་པའི་ གནང་བ་མེདཔ་ལས་ འཆར་དངུལ་དཔྱད་ཡིག་ནང་ བཀོད་ན་མ་གཏོགས་ དེ་མིན་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་གཞི་རྟེན་ལུ་ འདེམས་ཁོངས་གོང་འཕེལ་གནང་སྦྱིན་དང་འབྲེལ་བའི་ ཁྲིམས་ལུགས་ཆེད་དུ་བཀོད་དེ་མིན་འདུག་ཟེར་བའི་ བསླབ་བྱ་བྱིན་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ དངུལ་ཀྲམ་ས་ཡ་ ༡༣༨,༥༤༥.༡༦༣ ལས་ མི་ལྷག་ནིའི་དོན་ལུ་ ཆ་འཇོག་ནང་མིའི་ནང་ གཙོ་རིམ་གོང་འཕེལ་མ་དངུལ་དེ་ཡང་ ཚུད་དེ་ཡོདཔ་ད་ དེ་གི་ཤུལ་ལས་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ བཏང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁ་ཐུག་ལས་ གཙོ་རིམ་གོང་འཕེལ་མ་དངུལ་དེ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡ པའི་ དགོངས་དོན་ ༡༣ པ་ལས་ འགལ་བ་ཡོདཔ་ལས་ ཕྱིར་བཏོན་འབད་དགོ་པའི་ རྒྱབ་སྣོན་འབད་ཡོད་རུང་ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ ཕྱག་ཡར་སེང་ཐོག་ལས་ མང་མོས་དང་བསྟུན་ཏེ་ མ་དངུལ་དེ་ དཔྱད་ཡིག་ནང་ བཞག་ནི་སྦེ་ ཆ་འཇོག་གྲུབ་ནུག།
སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ འཆར་དངུལ་དཔྱད་ཡིག་དེ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ ཆ་སྦྱོར་གྱི་དོན་ལུ་ ཕུལ་ཡོདཔ་ད་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ རྒྱལ་ཡོངས་ཚོགས་འདུ་ལུ་ མངོན་མཐོ་ཁྲིམས་འདུན་ལས་ སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ ཐུགས་འཆར་འབྱོར་བའི་ནང་གསལ་ གཙོ་རིམ་གོང་འཕེལ་མ་དངུལ་དེ་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ བཙུགས་ནི་དེ་ རྩ་ཁྲིམས་ལས་འགལ་བ་ཨིན་ཟེར་ བཀོད་དེ་ཡོད་མི་དེ་ལུ་ ཆ་གནས་ཐོག་ལས་ སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ དཔྱ་བགོ་དེ་ ཕྱིར་བཏོན་འབད་དེ་ འཆར་དངུལ་དངུལ་ཀྲམ་ས་ཡ་ ༡༣༨,༤༥༡.༡༦༣ གྱི་དོན་ལུ་ དཔྱད་ཡིག་དེ་ མི་དབང་ཞབས་སར་ ཆ་སྦྱོར་གྱི་དོན་ལུ་ ཕུལ་ཡོདཔ་ཨིན་པས།
དེ་གི་སྐོར་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ གནས་ཚུལ་གསར་བཏོན་འབད་མི་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ ངོས་ལེན་ཡོད་ཟེར་ཨིནམ་ད་ རྩིས་ལོ་ ༢༠༢༥-༢༦ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཆ་སྦྱོར་ཐོག་ལས་ བཅའ་ཡིག་ལུ་གྱུར་ཏེ་ སྤྱི་ཟླ་ ༧ པའི་ཚེས་ ༢༢ ལུ་ དངུལ་རྩིས་ལྷན་ཁག་ལུ་ སྤྲོད་ཚར་ཡོདཔ་ལས་ གནད་དོན་དེ་ ཁྲིམས་དོན་དང་ རྩ་ཁྲིམས་ཆེན་མོ་དང་འབྲེལ་བའི་ བྱ་སྒོ་ཚུ་གྲུབ་སྟེ་ མཇུག་བསྡོམས་འབད་ཡི་ཟེར་བཀོད་ནུག།
དེ་མ་ཚད་ ཏི་རུའི་དཔྱད་ཡིག་དང་འབྲེལ་ཏེ་ རྒྱལ་ཡོངས་ཚོགས་འདུ་ ཁོ་ན་ལུ་འཁྲི་བའི་ རྩ་ཁྲིམས་ཆེན་མོའི་ འགན་ཁུར་གྱི་ཐེད་ཁར་ སྤྱི་ལོ་ ༢༠༡༡ ལོའི་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༣(༢)པ་དང་ ༡༤ པའི་ བརྗོད་དོན་བཀོད་ཐོག་ལས་ དངུལ་རྩིས་སྲིད་བྱུས་དང་ ཁྲལ་ མི་མང་དངུལ་རྩིས་ཚུ་ རྒྱལ་ཡོངས་ཚོགས་འདུ་ལུ་ དབང་ཆ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ཁ་ཐུག་ལས་ ཚོགས་ཁང་གཉིས་ཀྱི་ ནང་འཁོད་ཚོགས་ཆུང་གི་ ལྷན་བཞུག་ཞལ་འཛོམས་ འཚོགས་དགོ་པའི་ དགོས་དོན་བཀོད་ནི་ལུ་ ཁྲིམས་མཐུན་གྱི་ གཞི་རྟེན་མེད་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་ གོ་དོན་ཕྱི་འགྱུར་འགྲེལ་ཏེ་ སྲིད་འབྲེལ་ཅན་ བཟོ་ཐོག་ལས་ མི་མང་ལུ་ ཁྱབ་སྤེལ་འབད་མི་དེ་ ཚ་གྱང་ཅན་ཅིག་ཨིནམ་སྦེ་བཀོད་ནུག།
མ་གཞི དོན་ཡོད་རྩོད་གླེང་ཚུ་ དམངས་གཙོའི་རིང་ལུགས་བཙན་ཐབས་ལུ་ དགོས་མཁོ་ཡོད་རུང་ ཁ་ཤུགས་ཡོད་མི་ འཐུས་མི་དག་པ་ཅིག་གིས་ དམིགས་བསལ་ལུ་ མཇུག་བསྡོམས་འབད་ཚར་བའི་ རྩ་ཁྲིམས་ཅན་གྱི་ བྱ་སྒོ་ལུ་དམིགས་ཏེ་ འཕྲོ་མཐུད་ཅན་གྱི་ ལོག་བལྟ་དང་ མ་བདེན་པའི་ བརྡ་དོན་ཁྱབ་སྤེལ་འབད་མི་དེ་གིས་ མི་མང་གི་ བློ་གཏད་དང་ ཡིད་ཆེས་ཚུ་ ཉམས་ནི་གི་ ཉེན་ཁ་ཡོད་པའི་ཁར་ སྤྱི་ཚོགས་ཅན་གྱི་ གཙུག་སྡེ་ཚུ་གི་ གཞི་འགྱམ་ལུ་ཡང་ གནོད་པ་འབྱུང་སྲིདཔ་ལས་ ང་བཅས་ཀྱིས་ རྩ་ཁྲིམས་ཆེན་མོའི་ དྲང་བདེན་ཉེན་སྐྱོབ་ཐོག་ལས་ གཙུག་སྡེ་ཚུ་གི་ འགན་ཁུར་ཚུ་གི་ ནང་འཁོད་ལུ་ དམངས་གཙོའི་བྱ་ལས་ལུ་ ལམ་སྟོན་འབད་དགོ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་ གནད་དོན་དེ་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་དོན་ཚུ་གི་སྒོ་ལས་ བྱ་སྒོ་ཚུ་གྲུབ་སྟེ་ མཇུག་བསྡུ་ཚརཝ་ལས་ ཚོགས་ཆུང་ལྷན་བཞུགས་ཀྱི་ ཞལ་འཛོམས་འཚོགས་དགོ་ཟེར་མི་ལུ་ ཆ་གནས་རུང་བའི་ ཁྲིམས་དོན་དང་ ཡང་ཅིན་ བྱ་སྒོའི་བདེན་ཁུངས་ ག་ནི་ཡང་མིན་འདུག་ཟེར་ཨིནམ་མ་ཚད་ རྒྱལ་ཡོངས་ཚོགས་འདུའི་ཁ་ཐུག་ལས་ རྩ་ཁྲིམས་ཆེན་མོའི་ འགན་ཁུར་ནང་ མངོན་མཐོ་ཁྲིམས་འདུན་གྱི་ གོ་དོན་འགྲེལ་བཤད་དང་འཁྲིལ་ཏེ་ དམངས་གཙོའི་གཞུང་སྐྱོང་དང་ རྒྱལ་ཡོངས་ཀྱི་མཐའ་དོན་ལུ་ དད་དམ་གཙང་མའི་སྒོ་ལས་ ལག་ལེན་འཐབ་ཡོདཔ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 1688
Users Yesterday : 3320
This Month : 92132
This Year : 388098
Total Users : 1099914
Views Today : 2603
Total views : 3073663
Who's Online : 28