
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གོང་འཕེལ་ཉུང་སུ་ཅིག་ལས་མ་འགྱོ་མི་ ནུབ་བྱང་ཧི་མ་ལ་ཡའི་ ནེ་པཱལ་རྒྱལ་ཁབ་ནང་ གངས་འཛེགས་འབད་མི་ མང་སུ་འོང་ཐབས་ལུ་ ཤུལ་མའི་ལོ་ངོ་ ༢ ཀྱི་དོན་ལས་ གངས་རི་ ༡༠༠ དེ་ཅིག་ལུ་ གངས་འཛེགས་ཀྱི་ ཆོག་ཐམ་འཐུས་ཚུ་ དགོངས་ཡངས་བཏང་ཡི་ཟེར་ཨིན་པས།
རྒྱལ་ཁབ་དེ་ནང་ གངས་རི་ ༤༩༡ དེ་ཅིག་ སྒོ་ཕྱེ་ཡོད་རུང་ ད་ཚུན་གྱི་བར་ན་ འཛམ་གླིང་ནང་ གངས་རི་མཐོ་ཤོས་ཨིན་མི་ གངས་རི་ཨེ་ཝ་རེཛ་བརྩིས་ཏེ་ བྱང་ཤར་དང་ དབུས་ཕྱོགས་ཀྱི་ གངས་རི་ ༢༥ ལུ་མ་གཏོགས་ གངས་འཛེགས་འབད་མི་ མ་ཐོན་པས་ཟེར་བཀོད་ནུག།
བལྟ་བཤལ་ལས་ཁུངས་ཀྱི་ དབང་འཛིན་འགོ་དཔོན་ ཧི་མཱལ་གའུ་ཏམ་གྱིས་ བཤད་དོ་བཟུམ་འབད་བ་འབད་བ་ཅིན་ ཀར་ན་ལི་དང་ ས་ཐག་རིང་སའི་ ནུབ་ཕྱོགས་མངའ་སྡེ་ཚུ་ནང་ཡོད་མི་ མཐའ་ཟུར་གྱི་ གངས་རི་ཆུང་ཀུ་ མཐོ་ཚད་མི་ཊར་ ༥,༨༧༠ ལས་ ༧,༡༣༢ ཀྱི་བར་ན་འབད་མི་ གངས་རི་ ༩༧ ལུ་ གངས་འཛེགས་འབད་མི་ཚུ་ལུ་ འཐུས་མ་ཕོགཔ་སྦེ་ ཆ་འཇོག་འབད་ཡི་ཟེར་ཨིན་པས།
དེ་སྦེ་ གངས་འཛེགས་འཐུས་ཚུ་ དགོངས་ཡངས་བཏང་མི་དེ་ཡང་ གངས་རི་ཆུང་ཀུ་ཚུ་གུ་ གངས་འཛེགས་འབད་མི་ མང་སུ་འོང་ཐབས་ལུ་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལས་ཨིནམ་སྦེ་བཀོད་ནུག།
ས་གནས་མཐའ་ཟུར་གྱི་ གངས་རི་ཆུང་ཀུ་ཚུ་གི་དོན་ལས་ གངས་འཛེགས་ཆོག་ཐམ་གྱི་འཐུས་ཚུ་ དགོངས་ཡངས་བཏང་ཡོད་རུང་ སྤྱི་ཟླ་ ༩ པའི་ནང་ལས་ གངས་རི་ཆུང་ཀུ་གཞན་ཚུ་ལུ་ ཧེ་མར་ ཡུ་ཨེཛ་ཌོ་ལར་ ༢༥༠ ལས་ ༣༥༠ ལུ་དང་ གངས་རི་ཨེ་ཝ་རེཛ་གི་དོན་ལས་ ཌོ་ལར་ ༡༡,༠༠༠ ལས་ ༡༥,༠༠༠ ལུ་ ཡར་སེང་འབད་ཡོདཔ་ད་ དེ་ཡང་ དཔལ་འབྱོར་གནས་སྟངས་ ཡར་རྒྱས་གཏང་ཐབས་ལུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432413
Views Today :
Total views : 5000
Who's Online :