ཡུ་རོབ་གླིང་ཆེན་རྒྱལ་ཁབ་ཚུ་ནང་ ནགས་ཚལ་ལུ་ མེ་རྐྱེན་ཚབས་ཆེན་ བྱུང་ཡོད་པའི་དཀའ་ངལ།

རོའི་ཊརཛ།

སྤྱི་ཟླ་  ༨ པའི་ཚེས་ ༡༣ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སི་པེན་གྱི་རྒྱལ་ས་ མ་ཌིད་ཀྱི་ཉེ་འདབས་ལུ་ ནགས་མེ་གིས་ རྟ་རས་ཅིག་ འཚིགས་མི་དེ་ནང་ ལཱ་འབད་མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་དང་ ནགས་མེ་དེ་ སྡོད་ཁྱིམ་དང་ སོ་ནམ་ས་ཞིང་ཚུ་ནང་ ལྷོད་ཅི་ཟེར་ཨིན་པས།

དེ་ཡང་ ཡུ་རོབ་གླིང་ཆེན་རྒྱལ་ཁབ་ སི་པེན་དང་ པོར་ཊུ་གཱལ་ གི་རིཛ་ ཊར་ཀི་ བཱལ་ཀཱན་ཚུ་ནང་ དྲོད་ཤུགས་ཀྱི་ཚད་ སེལ་ཤི་ཡཱཛ་ ༤༠ ལས་ལྷག་སྟེ་ ཡར་སེང་སོང་ཡོདཔ་ལས་ ནགས་ཚལ་ཚུ་ནང་ མེ་རྐྱེན་བྱུང་དོ་ཡོདཔསྦེ་ ཚན་རིག་པ་ཚུ་གིས་ གསལ་བཤད་འབད་ནུག།

དེ་བཟུམ་སྦེ་ ཨཱལ་བ་ནི་ཡ་ལུ་ཡང་ སྐྱེས་ལོ་ ༦༡ འབད་མི་ ཧང་ག་རིའི་ མི་ཁུངས་ཅིག་ ཤིང་འབྲས་བཏོག་སྡོདཔ་ད་ མེ་རྐྱེན་དེ་གིས་ ཤི་རྐྱེན་བྱུང་ཡོདཔ་ད་ མོན་ཊེ་ནི་གོར་གྱི་ གངས་རི་ཅན་གྱི་ས་ཁོངས་ ཀུ་ཅི་ཟེར་སར་ཡང་ མེ་རྐྱེན་སྲུང་སྐྱོབ་ཀྱི་ ཆུ་འདྲེན་སྣུམ་འཁོར་ཅིག་ རྦོབ་རིལ་སོང་སྟེ་ དམག་མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༡ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།

ཨའི་བེ་རི་ཡའི་ ལྷོ་ཕྱོགས་ས་ཁོངས་ ཏ་རི་ཕའི་ མཚོ་འགྲམ་བདའ་སྟེ་ ནགས་མེ་དེ་ ཁྱབ་སྤེལ་མགྱོགས་དྲགས་སྦེ་ འགྱོ་མི་ལུ་བརྟེན་ཏེ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་གིས་ རྒྱ་མཚོའི་ནང་ལས་ ཆུ་དབོགས་ཏེ་ མེ་གསད་དོ་ཡོདཔ་མ་ཚད་ ཉེན་ཁ་ཡོད་པའི་ ས་ཁོངས་ཚུ་གི་ནང་ལས་ མི་གྲངས་ ༢,༠༠༠ ལྷགཔ་ཅིག་ཡང་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནུག།

པོར་ཊུ་གཱལ་ལུ་ མེ་རྐྱེན་སྦོམ་ཤོས་ཁག་ ༣ ལུ་ འབར་ཏེ་ཡོད་སར་ གནམ་གྲུ་ ༡༦ དང་ མེ་རྐྱེན་སྲུང་སྐྱོབ་དམག་མི་ ༡,༣༠༠ ལྷགཔ་ཅིག་གིས་ ནགས་མེ་གསད་ནི་གི་ ལཱ་ཚུ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: