
ཨཱལ་ཇ་ཟི་ར།
ནའི་ཇི་རི་ཡའི་ རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༠༩ ལས་ཚུར་ བོ་ཀོ་ཧ་རམ་ ངོ་རྒོལ་སྡེ་ཚན་གྱིས་ གཞུང་ལུ་ ངོ་རྒོལ་འབད་ནི་ འགོ་བཙུགས་པ་ལུ་བརྟེན་ཏེ་ མི་སེར་མང་རབས་ཅིག་ ལོ་ཐོག་ལེགས་ཤོམ་འཚོ་ས་ལས་ ས་གནས་གཞན་ཁར་ འགྱོ་དགོཔ་ཐོན་ནུག།
ད་རེས་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ས་གནས་ཚུ་ནང་ བཟའ་འཐུང་གིས་ མ་ལང་པའི་ དཀའ་ངལ་ཐོན་པའི་གུ་ དུས་ཅི་འབདཝ་ད་ རང་གཡུས་སྤངས་ཏེ་ བྱང་ཤར་ནའི་ཇི་རི་ཡ་ལུ་ཡོད་མི་ མི་སེར་ས་ཡ་ ༢.༣ དེ་ཅིག་ལུ་ གྲོགས་རམ་ཚོགས་པ་ཚུ་གིས་ བཟའ་འཐུང་གི་ གྲོགས་རམ་བྱིན་མི་དེ་ཡང་ མཇུག་བསྡུ་ཡོདཔ་ཨིན་པས།
གྲོགས་རམ་ཚོགས་པ་ མང་ཤོས་ཅིག་ལུ་ ཡུ་ཨེཛ་གིས་ རྒྱབ་སྐྱོར་འབད་དེ་ཡོད་རུང་ དུས་ཅི་ སྤྱི་ཟླ་ ༢ པ་ལས་ གྲོགས་རམ་ལས་རིམ་ཚུ་ལུ་ ཕན་འདེབས་བརྒྱ་ཆ་ ༧༥ དེ་ཅིག་ ཕབ་ཆག་འབད་ནུག།
འཛམ་གླིང་སྤྱི་ཚོགས་ཀྱི་ བཟའ་འཐུང་གྲོགས་རམ་ལས་སྡེ་ འཛམ་གླིང་བཟའ་འཐུང་ལས་སྡེ་དེ་གིས་ ནའི་ཇི་རི་ཡའི་ བྱང་ཤར་ཕྱོགས་ཀྱི་ གྲོགས་རམ་ལྟེ་བ་ ཕྱེད་ཀ་དེ་ཅིག་ར་ སྒོ་བསྡམས་དགོཔ་ ཐོན་ཡོད་མི་ལུ་བརྟེན་ཏེ་ ཨ་ལོ་ཆུང་ཀུ་ ༣༠༠,༠༠༠ དེ་ཅིག་ལུ་ ཟས་བཅུད་ལྷན་ཐབས་ཚུ་ འཐོབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སྤྱི་ཟླ་ ༧ པའི་ནང་ འཛམ་གླིང་བཟའ་འཐུང་ལས་སྡེ་གིས་ བཟའ་ཆས་གསོག་འཇོག་འབད་མི་དེ་ མཐའ་མཇུག་ལུ་ ལྷོད་ཡོད་པའི་ཁར་ ནའི་ཇེ་རི་ཡ་ལུ་ ལོ་ཐོག་བཏབ་ཡོད་མི་ཚུ་ཡང་ བསྡུ་མ་རནམ་ལས་ བཟའ་ཆས་ཀྱིས་ མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་ཡོདཔ་སྦེ་བཀོད་ནུག།
མ་གཞི་ བྱང་ཤར་ནའི་ཇི་རི་ཡ་དེ་ ལོ་ཐོག་ལེགས་ཤོམ་འཚོ་སའི་ ས་ཁོངས་ཅིག་ཨིན་རུང་ བོ་ཀོ་ཧ་རམ་གྱི་ ངོ་རྒོལ་ལུ་བརྟེན་ཏེ་ ལོ་ཐོག་ཚུ་ བཏབ་མ་ཚུགས་པར་ ལུང་ཕྱོགས་ནང་ བཟའ་ཆས་དཀོན་པའི་ གཞི་ཅིག་ལུ་ གྱུར་ཏེ་ཡོད་པའི་ཁར་ གནམ་གཤིས་ཀྱི་ འགྱུར་བ་དེ་གིས་ཡང་ བར་ཆད་ཚབས་ཆེན་ར་ བྱུང་སྟེ་ཡོད་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1390756
Views Today :
Total views : 5000
Who's Online :