
སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ ཝེཊ་ནཱམ་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ནི་ཨིན་པས།
དེ་ཡང་ ཝེཊ་ནཱམ་གྱི་སྲིད་འཛིན་ ལུ་རོང་སི་རོང་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལས་ ༢༢ ཚུན་ ཉིན་གྲངས་ ༥ གི་རིང་ལུ་ གཟིགས་སྐོར་གནང་ནི་གི་ ལས་རིམ་ཡོདཔ་སྦེ་བཀོད་ནུག།
འབྲུག་ལས་ ཝེཊ་ནཱམ་ལུ་ དེ་སྦེ་ གཞུང་དོན་གཟིགས་སྐོར་གནང་ནི་ཨིན་མི་དེ་ འབྱུང་རབས་ཅན་ཅིག་ཨིནམ་ད་ དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྲིད་འཛིན་གྱིས་གཙོས་པའི་ ཆེ་མཐོའི་འགོ་དཔོན་དང་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ནི་ཨིན་པས།
འབྲུག་དང་ ཝེཊ་ནཱམ་གྱི་བར་ན་ སྤྱི་ལོ་ ༢༠༡༢ ལུ་ དོན་གཅོད་མཐུན་འབྲེལ་ འགོ་བཙུགས་པའི་ཤུལ་ལས་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ བལྟ་བཤལ་ཚུ་དང་འབྲེལ་བའི་ མཐུན་ལམ་དང་ མཉམ་འབྲེལ་ཚུ་ རྒྱ་སྐྱེད་སོང་ཡོདཔ་ད་ ད་རེས་ གཟིགས་སྐོར་གནང་ནི་ཨིན་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཉམ་འབྲེལ་ཚུ་ སྔར་བ་ལྷག་པའི་ གཏིང་ཟབ་ཅན་ལུ་ འགྱུར་ནི་གི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།