
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢༠ ལུ་ ཏཱ་ལི་བཱན་གཞུང་གི་ བློན་པོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་རཱན་ལས་ ཕྱིར་བཏོན་བཏང་མི་ ཨཕ་གྷ་ནིཛ་ཏཱན་གྱི་ མི་སེར་ཚུ་ ནུབ་ཨཕ་གྷ་ནིཛ་ཏཱན་ལུ་ལྷོདཔ་ད་ ཁོང་ཆ་ཁྱབ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱཛ་དེ་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ ཨ་ལོ་ ༡༧ བརྩིས་ཏེ་ མི་གྲངས་ ༧༩ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ སྣུམ་འཁོར་བཱཛ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༡༩ གི་ནུབ་མོར་ ཀ་བཱུལ་ལུ་ འགྲུལ་བསྐྱོད་འབད་དེ་ ཧེ་རཱཊ་མངའ་སྡེའི་ནང་ སྣུམ་འཁོར་ཊག་དང་ མོ་ཊར་སའི་ཀཱལ་ བག་བག་ཅིག་དང་གཅིག་ཁར་ གདོང་ཐུག་རྐྱབ་པའི་ཤུལ་ལས་ མེ་འབར་ཡོདཔ་སྦེ་བཀོད་ནུག།
ཧེ་རཱཊ་ལུ་ ཏཱ་ལི་བཱན་གཞུང་གི་ བརྡ་དོན་དང་ ལམ་སྲོལ་མདོ་ཆེན་ ཨཱ་མ་དཱུལ་ལ་ མོ་ཊ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཱཛ་ནང་གི་ ལམ་འགྲུལཔ་ཚུ་ག་ར་ལུ་ ཤི་རྐྱེད་བྱུང་ཡོདཔ་མ་ཚད་ སྣུམ་འཁོར་གཞན་ཚུ་གི་ འགྲུལ་པ་ ༢ ལུ་ཡང་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཨི་རཱན་གྱིས་ འཕྲལ་ཁམས་ཀྱི་ ཟླཝ་ཚུ་གི་ནང་ལས་ ཨཕ་གྷ་ནིཛ་ཏཱན་གྱི་ མི་སེར་ཚུ་ ཁོང་རའི་རྒྱལ་ཁབ་ནང་ དམག་འཁྲུག་ལང་མི་ལས་ བྲོས་བྱོལ་འབད་དེ་ ཆོག་ཐམ་མེད་པར་ ཨི་རཱན་ལུ་ གནས་སྤོ་སྡོད་མི་ཚུ་ ཕྱིར་བཏོན་འབད་ནི་ འགོ་བཙུགས་ནུག།
ཧེ་རཱཊ་མངའ་སྡེའི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཐུག་རྐྱེན་བྱུང་མི་དེ་ཡང་ སྣུམ་འཁོར་བཱཛ་གི་ དེད་གཡོགཔ་དེ་གིས་ སྣུམ་འཁོར་སྣང་མེད་ཐོག་ལུ་ མགྱོགས་ཚད་ལས་བརྒལ་ཏེ་ བཏང་ནི་དེ་གིས་ བྱུང་ནུག་ཟེར་ཨིན་པས།
ཨཕ་གྷ་ནིཛ་ཏཱན་ལུ་ དེ་བཟུམ་མའི་ ཐུག་རྐྱེན་བྱུང་མི་དེ་ སྤྱིར་བཏང་བཟུམ་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་རིང་ལུ་ འཛིང་འཁྲུག་ལང་ནི་དེ་གིས་ འཁོར་ལམ་ཚུ་ མེདཔ་བཏང་པའི་ཁར་ སྣུམ་འཁོར་གྱི་ ཁྲིམས་ལུགས་ཚུ་ཡང་ དམ་དྲགས་སྦེ་ བསྟར་སྤྱོད་མ་འབད་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།