
པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གི་སྲས་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་མཆོག་གིས་ སེངྒེ་རྣམ་རྒྱལ་དང་ ཨམ་ཚེ་རིང་ལྷ་མོའི་བུམོ་ ཨྱོན་ཆོས་སྒྲོན་རྣམ་རྒྱལ་ བཙུན་མོར་བཞེས་པའི་ རྟེན་འབྲེལ་གྱི་ མཛད་སྒོ་དེ་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་སྦེ་ མཛད་གནང་ནུག།
དེ་བསྒང་ མི་དབང་རྒྱལ་སྲས་དང་ བཙུན་མོ་རྣམ་གཉིས་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ སྐྱབས་རྗེ་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་ ཐུགས་རྗེའི་བྱིན་རླབས་དང་ ཐུགས་སྨོན་ཚུ་ གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་སྲས་མཆོག་གིས་ ཨོགཛ་ཕོརཌ་གཙུག་ལག་སློབ་སྡེའི་ སེན་པི་ཊ་ མཐོ་རིམ་སློབ་གྲྭའི་ནང་ལས་ སྐུ་ཡོན་གསན་སྦྱངས་མཛད་པའི་ཁར་ ཨིན་སི་ཊུཊ་ ཡུ་རོབ་པི་ཡཱན་ ཌི་ཨེཌ་མི་ནིཛ་ཊེ་ཤཱན་ ཌི་ཨེ་ཕེ་ཡར་ནང་ལས་ ཚོང་འབྲེལ་རིག་པའི་ མཐོ་རིམ་གོང་མའི་ སྐུ་ཡོན་ཡང་ མཐར་ཕྱིན་མཛད་གནང་ནུག།
སྤྱི་ལོ་ ༢༠༠༩ ལས་ཚུར་ མི་དབང་རྒྱལ་སྲས་མཆོག་གིས་ འབྲུག་ཨོ་ལིམ་པིག་ཚོགས་པའི་ གཙོ་འཛིན་དང་ ཨེ་ཤི་ཡ་ ཨོ་ལིམ་པིག་ལྷན་ཚོགས་ཀྱི་ གཙོ་འཛིན་འོགམ་ དེ་ལས་ ཨིན་སི་ཊུཊ་ ཡུ་རོབ་པི་ཡཱན་ ཌི་ཨེཌ་མི་ནིཛ་ཊེ་ཤཱན་ ཌི་ཨེ་ཕེ་ཡར་གྱི་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་པའི་ འཐུས་མི་སྦེ་ཡང་ ཕྱག་ལཱ་གནངམ་ཨིན་པའི་གནས་ཚུལ།