
ཤིང་སྦྲུལ་ཟླཝ་ ༧ པའི་ཚེས་ ༣ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལུ་ ཐིམ་ཕུ་ཧོང་ཚོ་ཕན་བདེ་ཁ་ལུ་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ གཞུང་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་རྣམས་དང་ འཕགས་པའི་དགེ་འདུན་པ་ཚུ་གིས་ འབྲུག་གཞུང་གྲྭ་ཚང་ལྟེ་བའི་ མཚན་ཉིད་སློབ་དཔོན་སྐུ་བགྲེས་ ཞིང་གཤེགས་སངས་རྒྱས་རྡོ་རྗེ་མཆོག་གི་ སྐུ་གདུང་ལུ་ མེ་མཆོད་ཕུལ་གནང་ནུག།
དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་ཡུམ་རྣམས་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ཡང་ སྐུ་གདུང་མེ་མཆོད་ཕུལ་གནང་སར་ བྱོན་གནང་ཡོདཔ་་མ་ཚད་ གཞུང་གི་བློན་པོ་ལྷན་རྒྱས་དང་ དཔོན་ཁག་ཚུ་ དེ་ལས་ དད་ཅན་མི་སེར་བརྒྱ་ཕྲག་ལས་བཅད་མི་ཚུ་ཡང་ སྨོན་ལམ་བཏབ་པར་ འཛོམས་ཡོདཔ་ཨིན་པས།
སློབ་དཔོན་ཞིང་གཤེགས་མཆོག་ ཤིང་སྦྲུལ་ཟླཝ་ ༦ པའི་ཚེས་ ༢ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ ཐིམ་ཕུ་དབྱངས་ཅན་ཕུག་གི་ གཟིམས་ཅུང་ནང་སྦེ་ དྲོ་པའི་ཆུ་ཚོད་ ༥ ལུ་ དགོངས་པ་ཆོས་དབྱིངས་སུ་ ཐིམས་ཡོད་པའི་གནས་ཚུལ།