
པདྨ་དབང་འདུས།
རྒྱ་འབྲུག་ ༢ ཀྱི་བར་ན་ གཙོ་རིམ་ཐོག་གི་ མཉམ་འབྲེལ་ལས་འགུལ་ སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་གྱི་ མེ་ག་ཝཊ་ ༡,༠༢༠ འབད་མི་ མཐའ་མཇུག་གི་ ཡུ་ནིཊ་ ༦ པ་དེ་ མཐར་འཁྱོལ་ཅན་སྦེ་ འབྲེལ་མཐུན་འབད་དེ་ རྒྱལ་ཡོངས་བརྒྱུད་ཐག་ཐོག་ལུ་ བཀལ་ཡོདཔ་ཨིན་པས།
དེ་ཡང་ གལ་གནད་ཆེ་བའི་ ལས་འགུལ་དེ་གི་ ཡུ་ནིཊ་ཁག་ ༦ པོ་ག་ར་ ཡོངས་རྫོགས་སྦེ་ བསྒྲུབས་ནི་དེ་གིས་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱིའི་གནས་རིམ་ལུ་ གཙང་དག་ནུས་ཤུགས་ནང་ འགོ་ཁྲིདཔ་གི་ གནས་ཚད་བཙན་ཐབས་ འབྱུང་ནི་ཨིནམ་སྦེ་བཀོད་ནུག།
དེ་བཟུམ་མའི་ གྲུབ་འབྲས་ཅན་གྱི་ གློག་མེ་བརྒྱུད་སྤེལ་གྱི་ རྟེན་འབྲེལ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ གློག་མེ་འཕྲུལ་ཁང་ནང་སྦེ་ བརྩིས་ཡོདཔ་ད་ ཡུ་ནིཊ་ ༦ པ་དེ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ ཤྲཱི་སུ་དྷ་ཀར་ ད་ལེ་ལ་ ༢ མཉམ་འབྲེལ་ཐོག་ལས་ འགོ་འབྱེད་མཛད་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་གཞུང་གི་ ནུས་ཤུགས་དང་ རང་བཞིན་ཐོད་སྐྱེད་བློན་པོ་ མགོནམ་ཚེ་རིང་དང་ རྒྱ་གཞུང་ཕྱི་འབྲེལ་ལྷན་ཁག་གི་ དམིགས་བསལ་དྲུང་ཆེན་དང་ དངུལ་འབྲེལ་གྲོས་དཔོན་ ཤྲཱི་ཨ་ནུ་རཱག་ ཨ་གར་ཝཱལ་གྱིས་ འགོ་ཁྲིད་འབད་མི་ སྡེ་ཚན་གཅིག་གིས་ཡང་ གྲལ་གཏོགས་འབད་ནུག།
དེ་ལས་ གཞན་ཡང་ འབྲུག་གཞུང་དང་ རྒྱ་གཞུང་གཉིས་ཆ་རའི་ སྤུ་ན་གཙང་ཆུ་ ༢ པའི་ དབང་འཛིན་གྱི་ འཐུས་མི་ཚུ་དང་ འབྲུག་གཞུང་དང་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ དེ་ལས་ རྒྱ་གར་གཞུང་ཚབ་ཡིག་ཚང་གི་ འཐུས་མི་ཚུ་དང་ ལས་འགུལ་འཛིན་སྐྱོང་སྡེ་ཚན་གྱི་ གྲོས་སྟོན་པ་དང་ ཁག་འབགཔ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་དེ་གིས་ ཆུར་བརྟེན་ནུས་ཤུགས་ནང་ རྒྱ་འབྲུག་ ༢ ཀྱི་བར་ན་ ཡུན་བརྟན་ཅན་གྱི་ མཉམ་འབྲེལ་གྱི་ བརྡ་མཚོན་སྟོན་ཡོདཔ་ད་ དེ་བཟུམ་སྦེ་ ཧེ་མ་ཡང་ མཐར་འཁྱོལ་ཅན་གྱི་ མཉམ་འབྲེལ་ནང་ ཆུ་ཁ་གློག་མེ་ལས་འགུལ་ མེ་ག་ཝཊ་ ༣༣༦ དང་ ཀུ་རི་ཆུ་གློག་མེ་ལས་འགུལ་ མེ་ག་ཝཊ་ ༦༠ དེ་ལས་ དར་ལ་གློག་མེ་ལས་འགུལ་ མེ་ག་ཝཊ་ ༡,༠༢༠ དང་ མང་སྡེ་ཆུ་གློག་མེ་ལས་འགུལ་ མེ་ག་ཝཊ་ ༧༢༠ འབད་མི་ཚུ་ཡང་ ཚུདཔ་སྦེ་བཀོད་ནུག།
ལས་འགུལ་དེ་ཚུ་གིས་ འབྲུག་གི་ཆུར་བརྟེན་གློག་མེའི་ ཐོན་ཚད་དེ་ མེ་ག་ཝཊ་ ༣,༥༠༠ དེ་ཅིག་གུ་ བཀལ་ཡོདཔ་ད་ གློག་མེ་དེ་ཚུ་གིས་ ཡིད་ཆེསབརྟན་པའི་ འགན་ཁུར་བཙན་ཐབས་དང་ ནུས་ཤུགས་ཕྱིར་ཚོང་གི་ ཡུན་བརྟན་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་པས།
དེ་ལས་ སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་ཉག་གཅིག་གིས་ར་ ད་ཚུན་གྱི་བར་ན་ གཙང་དག་ནུས་ཤུགས་ཀྱི་ ཡུ་ནིཊ་ ༢,༡༨༠ ལྷགཔ་ཅིག་ བརྒྱུད་སྤེལ་འབད་ཡོདཔ་ད་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ བཙོག་རླུང་ཀར་བཱོན་མེད་པའི་ རྒྱལ་ཁབ་ཉུང་མཐའི་ནང་ལས་གཅིག་སྦེ་ གནས་ཚད་བཙན་ཐབས་བྱུང་ནུག།
ད་རེས་ གལ་གནད་ཅན་གྱི་ གྲུབ་འབྲས་དེ་གིས་ བཟོ་རིག་མཆོག་གྱུར་དང་ ལུང་ཕྱོགས་མཉམ་འབྲེལ་གྱི་ བརྡ་མཚོན་སྟོན་པའི་ཁར་ དམིགས་བསལ་གྱིས་ རྒྱ་འབྲུག་ ༢ ཀྱི་བར་ན་ མིག་དཔེར་རུང་བའི་ ནུས་ཤུགས་ཀྱི་ མཉམ་འབྲེལ་དང་ ཡུན་བརྟན་གོང་འཕེལ་ གནམ་གཤིས་ཀྱི་ འགྱུར་བ་བདེ་སྒྲིག་ལུ་ མཐའ་དོན་གཅིག་མཚུངས་ཀྱི་ ཁས་ལེན་ཡོད་པའི་ བརྡ་མཚོན་ཡང་ སྟོནམ་ཨིན་པའི་གནས་ཚུལ།