
དཔལ་ལྡན་འབྲུག་པའི་ དགེ་འདུན་འདུས་དམངས་ལྷན་ཚོགས་ཀྱིས་ འབྲུག་གཞུང་དང་ མཉམ་འབྲེལ་ཐོག་ལས་ གཞུང་དོན་ཡོངས་འབྲེལ་འཆར་སྒོ་ གུ་རུ་ཨེབ་ https://guruapp.bt ཟེར་མི་ འགོ་འབྱེད་མཛད་ནི་ཨིན་པའི་ གསལ་བསྒྲགས་གནང་ནུག།
དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༤ ལས་ ༡༧ གྱི་བར་ན་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་སྤྱི་ཞི་བདེའི་ སྨོན་ལམ་ཆེན་མོ་ ༢༠༢༥ ཅན་མའི་ གྲ་སྒྲིག་ལུ་ གལ་ཆེ་བའི་ ལས་སྣ་ཅིག་ཨིན་པས།
ཡོངས་འབྲེལ་འཆར་སྒོ་དེ་གིས་ གུ་རུ་ཨེབ་ཐོག་ལུ་ དུས་མཐུན་བཟོ་ཡོད་མི་ བརྡ་དོན་ལྟེ་བ་སྦེ་ ཞབས་ཏོག་བསྒྲུབ་ནི་དང་ དེ་ཡང་ འགྲོ་བ་ཡོངས་ཀྱི་ ཞི་བདེ་དང་ གཅིག་སྒྲིལ་ བྱམས་བརྩེ་དང་བཅས་པའི་ སྨོན་ལམ་ཆེན་མོའི་ དུས་སྟོན་གྱི་རེ་འདུན་ལུ་ ཆེད་དུ་དམིགས་པའི་ ཆོས་འབྲེལ་གསར་བཏོད་ལས་སྣ་ཅིག་སྦེ་ མགྱོགས་པ་ར་ འགོ་བཙུགས་གནང་ནི་ཨིནམ་སྦེ་བཀོད་ནུག།
རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་མི་ཚུ་གིས་ གུ་རུ་ཨེབ་ཀྱི་ ཁྱད་ཆོས་ཚུ་གི་སྐོར་ལས་ གོ་བ་ལེན་ཏེ་ བསྙེན་པ་མཉམ་རུབ་ཐོག་ལས་ བསག་ནིའི་ནང་ གྲལ་གཏོགས་ཀྱི་ ཐབས་ལམ་ཚུ་ འཚོལ་ཞིབ་འབད་ནི་དང་ འབྲུག་གིས་ གྲ་སྒྲིག་འབད་དོ་ཡོད་མི་ ག་ནི་བ་ གལ་ཆེ་བའི་ ཆོས་འབྲེལ་འདུ་འཛོམས་ཀྱི་ ཡར་འཕེལ་ཚུ་གི་ རྗེས་སུ་འབྲངས་ཚུགས་ནི་ཨིན་པས།
སྨོན་ལམ་ཆེན་མོའི་ དུས་སྟོན་འགོ་འབྱེད་རྟེན་འབྲེལ་དེ་ཡང་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ ས་ག་ཟླ་བའི་དུས་ཆེན་དང་འབྲེལ་ཏེ་ ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཛྲ་གུ་རུ་དང་ ཕྱག་འཚལ་འགོ་བཙུགས་ནང་ དབུ་བཞུགས་མཛད་གནང་ཡོདཔ་མ་ཚད་ དུས་སྟོན་དེ་ཡང་ གུ་རུ་ཐོད་ཕྲེང་རིགས་ལྔའི་ དབང་ལུང་ཐོག་ལས་ བྱིན་ལྡན་བཟོ་གནང་ནུག།
གུ་རུ་ཨེབ་ཀྱི་ཐེད་ཁར་ གུ་རུ་རིན་པོ་ཆེའི་ བྱིན་རླབས་ཀྱིས་ རྒྱུད་སྐུལ་ཐོག་ལུ་ བྱིན་ལྡན་ཉམས་ལེན་ཚུ་ཡང་ གནས་སྐབས་གསར་པའི་སྒོ་ལས་ ཕབ་ལེན་འབད་ཚུགས་པའི་ གོ་སྐབས་ཚུ་ གུ་རུ་ཨེབ་ནང་ལས་ འཐོབ་ཚུགས་ནི་དང་ ཡོངས་འབྲེལ་འཆར་སྒོ་དེ་གིས་ སྨོན་ལམ་དང་ འབྲེལ་དོན་ཅན་གྱི་ལྷབ་སྦྱང་ གཏམ་གླེང་གསར་བཏོད་ཚུ་བརྒྱུད་དེ་ མི་རབས་མཐུད་འབྲེལ་འབད་ནི་དང་ འབྲུག་གི་ཆོས་ཕྱོགས་ཀྱི་འབུལ་བ་ཚུ་ སྤྱིར་འཛམ་གླིང་ཡོངས་ལུ་ ཕུལ་ནིའི་དོན་ལས་ ཨང་ཅན་གསར་བཏོད་ཀྱི་ གོ་སྐབས་སྤྲོད་ཐབས་ལུ་ ལམ་སྲོལ་དེ་ ཨང་ཅན་གྲོས་གནས་ཐོག་ལུ་ བཀལ་དོ་ཡོདཔ་ཨིན་པས།
ཡོངས་འབྲེལ་འཆར་སྒོ་ གུ་རུ་ཨེབ་དེ་ མཇུག་བསྡུ་ཁམས་ལུ་ ལྷོད་དེ་ཡོདཔ་ལས་ འབྲུག་གི་ས་ཁོངས་ ག་ཏེ་ལས་ཨིན་རུང་ ཉམས་ལེན་པ་ཚུ་གིས་ ཞི་བདེ་དང་ མཐུན་འབྲེལ་གྱི་དོན་ལས་ མཉམ་རུབ་སྨོན་ལམ་ནང་ གྲལ་གཏོགས་འབད་ནི་ལུ་ རྒྱུད་སྐུལ་གྱི་དོན་ལས་ ཡོངས་འབྲེལ་འཆར་སྒོ་དེ་གི་ཐོག་ལས་ ལམ་སྟོན་དང་ གསལ་བསྒྲགས་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་ཨིནམ་སྦེ་བཀོད་ནུག།
རྒྱལ་སྤྱི་ཞི་བདེའི་ སྨོན་ལམ་ཆེན་མོ་ ༢༠༢༥ ཅན་མའི་སྐོར་ལས་ བརྡ་དོན་ཁ་སྐོང་གི་དོན་ལུ་ འབྲུག་གཞུང་བློན་ཆེན་ཡིག་ཚང་གི་ གསལ་བསྒྲགས་ཚུ་དང་ རྒྱལ་སྤྱི་ཞི་བདེའི་ སྨོན་ལམ་ཆེན་མོའི་ ཡོངས་འབྲེལ་འཆར་སྒོ་ https://www.globalpeaceprayers.org ནང་ གཟིགས་གནང་ནི་དང་ གུ་རུ་ཨེབ་ཀྱི་ དུས་མཐུན་བརྡ་དོན་སྐོར་ལས་ ཡོངས་འབྲེལ་འཆར་སྒོ་ https://guruapp.bt ནང་ གཟིགས་གནང་དགོཔ་སྦེ་ བཀོད་འདུག་པའི་གནས་ཚུལ།





Users Today : 1236
Users Yesterday : 4685
This Month : 56685
This Year : 493678
Total Users : 1205494
Views Today : 1768
Total views : 3248537
Who's Online : 18