མི་རྗེ་བློན་ཆེན་མཆོག་གིས་ ན་ལེནྜ་གཙུག་ལག་སློབ་སྡེའི་ སློབ་ཚོགས་དང་ སློབ་ཕྲུག་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ མི་རྗེ་བློན་ཆེན་མཆོག་ རྒྱ་གར་བི་ཧར་མངའ་སྡེའི་ས་གནས་ རྒྱལ་པོའི་ཁབ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ ཕྱག་ཞུ་སྟེ་ བྱོན་ཡོདཔ་བཞིན་དུ་ ཕྱི་རུ་ཁམས་ཅིག་ཁར་ ན་ལེནྜ་གཙུག་ལག་སློབ་སྡེའི་ནང་ གཟིགས་སྐོར་གནང་སྟེ་ སློབ་ཚོགས་དང་ སློབ་ཕྲུག་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག།
དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ འཛམ་གླིང་ནང་ ཤེས་ཡོན་གྱི་ འབྱུང་གནས་རྙིང་ཤོས་ ན་ལེནྜའི་ འབྱུང་རབས་ཅན་གྱི་ འགན་ཁུར་དང་ གུ་རུ་པདྨ་འབྱུང་གནས་དང་ ན་རོ་པ་ལ་སོགས་པ་ཚུ་བརྒྱུད་དེ་ སྔ་སྒྱུར་རྙིང་མའི་ཆོས་ལུགས་ལུ་ ཕན་རླབས་ཆེ་བའི་སྐོར་ལས་ གསུངས་ཡོདཔ་མ་ཚད་ ན་ལེནྜ་གཙུག་ལག་སློབ་སྡེ་དེ་ སྤྱིར་འཛམ་གླིང་ནང་ ཆོས་དོན་ལྷབ་སྦྱང་ལུ་ སེམས་སྐུལ་གྱི་ འབྱུང་གནས་སྦེ་ ཡུན་རིང་གི་བར་ན་ གནས་ཡོད་པའི་སྐོར་ལས་ཡང་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱ་གར་གཞུང་གིས་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ གཏོང་ཕོད་ཅན་གྱི་ སློབ་གཉེར་གྲོགས་རམ་ཚུ་ གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ན་ལེནྜ་དེ་ རྒྱ་འབྲུག་གཉིས་ཀྱི་ ལམ་སྲོལ་ཡར་ཐོན་ནང་ གལ་གནད་ཆེ་བའི་ ཟམ་བཟུམ་ཅིག་ཡང་ཨིན་ཟེར་ གསུངས་གནང་ནུག།
མི་རྗེ་བློན་ཆེནམཆོག་གིས་ དུས་ཅི་ སྤྱི་ཟླ་ ༡༡ པའི་ནང་ འབྲུག་ལུ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ འགོ་འདྲེན་འཐབ་གནང་ནི་སྦེ་ཡོད་མི་དེ་ ན་ལེནྜའི་ ཤེས་རབ་དང་ མཐུན་འབྲེལ་ ཞི་བདེ་བཅས་ གསོན་པོར་གནས་པའི་ ཡན་ལག་བཟུམ་ཅིག་ཨིནམ་ལས་ ན་ལེནྜའི་ སློབ་ཚོགས་དང་ སློབ་ཕྲུག་ཚུ་གིས་ སྨོན་ལམ་ཆེན་མོ་དེ་ནང་ གྲལ་གཏོགས་འབད་དགོ་པའི་ མགྲོན་བརྡ་ཡང་ གནང་ཡོད་པའི་གནས་ཚུལ།

Please follow and like us: