འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ ཐོན་སྐྱེད་གསརཔ་ ༢ འགོ་འབྱེད།

པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༡ ལུ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱིས་ འབྲུག་མི་ཚུ་ལུ་ མི་སྡེ་དང་ དངུལ་འབྲེལ་ཉེན་སྲུང་ སྤྲོད་ཐབས་ལུ་དམིགས་ཏེ་ ཤུལ་ཐོབ་ལོ་བསྟར་རྒས་ཕོགས་ཀྱི་ ལས་འཆར་དང་ ཀུན་ཕན་ཚེ་སྲོག་ཉེན་བཅོལ་ འགོ་འབྱེད་འབད་ནུག།
ཤུལ་ཐོབ་ལོ་བསྟར་རྒས་ཕོགས་ཀྱི་ ལས་འཆར་དེ་ འབྲུག་པའི་མི་སེར་ཚུ་གིས་ རིམ་སྤྲོད་ཀྱི་ དངུལ་ཚུ་བཙུགས་ཏེ་ རང་སོའི་གདམ་ཁ་ཐོག་གི་ ལོ་ཚད་ཁར་ལྷོདཔ་ད་ ལོ་བསྟར་དགོངས་ཞུའི་རྒས་ཕོགས་ཚུ་ ངེས་པར་དུ་ འཐོབ་ནི་ཡོདཔ་ བཟོ་ནི་ལུ་ བཀོད་སྒྲིག་འབད་དེ་ཡོདཔ་ད་ དེ་ཡང་ ཚེ་ཐེངས་གཅིག་གི་ ལོ་བསྟར་རྒས་ཕོགས་དང་ ལོ་ངོ་ ༡༠ གྱི་ ལོ་བསྟར་རྒས་ཕོགས་ དེ་ལས་ མཉམ་འབྲེལ་ལོ་བསྟར་རྒས་ཕོགས་དང་ ལོ་ངོ་ ༡༠ གྱི་ མཉམ་འབྲེལ་ལོ་བསྟར་རྒས་ཕོགས་ཚུ་ ཚུད་དོ་ཡོདཔ་མ་ཚད་ ཚོང་མགྲོན་པ་ཚུ་གིས་ སྐྱེས་ལོ་ ༧༠ ཚུན་ལུ་ ཚེ་སྲོག་ཉེན་བཅོལ་ཁ་སྐོང་ དངུལ་ཀྲམ་ ༡༠༠,༠༠༠ ལས་ དངུལ་ཀྲམ་ ༥༠༠,༠༠༠ ཚུན་གྱི་དོན་ལུ་ཡང་ གདམ་ཁ་རྐྱབ་ཚུགས་ནི་ཨིན་པས།
ཀུན་ཕན་ཚེ་སྲོག་ཉེན་བཅོལ་དེ་ ལས་འཆར་འཆང་མི་ལུ་ ཤི་རྐྱེན་བྱུངམ་ད་ དེ་གི་བཟའ་ཚང་ལུ་ དངུལ་འབྲེལ་ཉེན་སྲུང་ སྤྲོད་ནིའི་དོན་ལས་ བཀོད་སྒྲིག་འབད་ཡོད་པའི་ ཉེན་བཅོལ་ལས་འཆར་ཅིག་ཨིནམ་ད་ དེ་ཡང་ ཉེན་བཅོལ་དངུལ་བསྡོམས་ དངུལ་ཀྲམ་ ༡༠༠,༠༠༠ ལས་ ༡༠,༠༠༠,༠༠༠ ཚུན་གྱི་དོན་ལུ་ དུས་ཡུན་ལོ་ངོ་ ༥ ལས་ ༤༠ ཚུན་ ཉེན་བཅོལ་འབད་ནི་གི་ གདམ་ཁ་ཚུ་ཡོད་པའི་ཁར་ ཉེན་བཅོལ་ལས་འཆར་དེ་ སྐྱེས་ལོ་ ༡༨ ལས་ ༦༠ གི་བར་ན་འབད་མི་ཚུ་གིས་ སྐྱེས་ལོ་ ༧༠ ཚུན་གྱི་རིང་ལུ་ ཉེན་བཅོལ་འབད་ཆོག་ནི་དང་ རང་སོའི་བློ་འདོད་དང་འཁྲིལ་ཏེ་ ནད་གཞི་ཚབས་ཆེན་གྱི་དོན་ལུ་ཡང་ ཉེན་བཅོལ་འབད་ནི་གི་ ལས་འཆར་ཡོད་མིའི་ཐོག་ལས་ ཐོ་བཀོད་གྲུབ་པའི་ ནད་གཞི་ཚབས་ཆེན་ ངོས་འཛིན་གྲུབ་པའི་སྐབས་ལུ་ དངུལ་བསྡོམས་སྟབས་གཅིག་ཁར་ ལག་སྤྲོད་ཐོག་ལས་ འཐོབ་ནི་ཨིན་པས།
ཐོན་སྐྱེད་དེ་ ༢ ཀྱི་དོན་ལུ་ རིམ་སྤྲོད་འཐུས་དངུལ་ཚུ་ཡང་ ལས་འཆར་གྱི་ དུས་ཡུན་ནང་ ཐབས་ལམ་མ་འདྲ་བའི་སྒོ་ལས་ སྤྲོད་ཐབས་ཡོདཔ་ད་ རང་རྐྱང་དང་ བཟའ་ཚང་ཚུ་གིས་ དངུལ་འབྲེལ་འཆར་གཞི་ཚུ་དང་བསྟུན་ཏེ་ ཁེ་ཕན་ཚུ་ དྭངས་གསལ་ཅན་སྦེ་ འཐོབ་ཚུགས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ལས་འཆར་དེ་ཚུའི་སྐོར་ལས་ བརྡ་དོན་ཁ་གསལ་གྱི་དོན་ལུ་ ཐིམ་ཕུ་འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ཀྱི་ ཞིབ་འཚོལ་ལས་རོགས་འགོ་དཔོན་ ཀུན་དགའ་ཕུན་ཚོགས་དང་གཅིག་ཁར་ འགྲུལ་འཕྲིན་ཨང་ ༡༧༢༩༡༦༩༥ དང་ ཡང་ཅིན་ ཡོངས་འབྲེལ་ཁ་བྱང་ king_phuntsho@ricb.bt གི་ཐོག་ལུ་ འབྲེལ་འཐབ་གནང་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: